ཉན་ཤུལ་མཁྱེན་རབ་འོད་གསལ།
བོད་ཀྱི་རིག་གནས་སྤྱི་ལ་མཁྱེན་རྒྱ་ཆེ་བའི་མཁས་དབང་ཉན་ཤུལ་མཁྱེན་རབ་འོད་གསལ་ མཆོག་ནི། བོད་མདོ་ཁམས་མགར་ཐར་ཞེས་པའི་ཡུལ་གྱི་ཁོངས་གཏོགས་སོག་ཟ་རག་ཅེས་པའི་ འབྲོག་སྡེ་རུ་ཡབ་བསོད་ནམས་དཔལ་བཟང་དང༌། ཡུམ་སོག་བཟའ་བཀྲ་ཤིས་བཟང་མོ་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅོ་ལྔ་པའི་ཤིང་མོ་གླང་གི་ལོ་ཕྱི་ལོ་༡༩༢༥ལོར་སྐུ་ འཁྲུངས། དགུང་ལོ་ལྔའི་སྟེང་ནས་ཡི་གེ་འབྲི་ཀློག་སྦྱོར་གསུམ་གྱི་རིམ་པ་ནས་སློབ་གཉེར་ གྱི་དབུ་ཚུགས་ཤིང༌། དེ་ནས་ཡུན་རིང་མ་འགོར་བར་དམ་པ་ཁོང་མི་ཉག་དཔལ་རི་དགོན་ པའི་ཁྲི་བ་འོད་གསལ་ཉི་མ་ཞེས་པའི་སྤྲུལ་སྐུར་ངོས་འཛིན་མཛད། དེ་རྗེས་རྫོགས་ཆེན་ཤྲཱི་སིང་ཧའི་བཤད་གྲྭའི་ཆོས་སྒོར་ཞུགས་ནས། དེ་ལུགས་ཀྱི་ གཞུང་ཆེན་པོད་བཅུ་གསུམ་ལ་ཐོས་བསམ་སློབ་གཉེར་གནང་བའི་དབུ་བཙུགས་པ་དང༌།
ཞོར་དུ་ཐ་སྙད་རིག་གནས་སོགས་ལའང་གོ་སྐབས་དམ་འཛིན་དང་ཐུགས་ཤུགས་ཆེར་བསྐྱེད་ཀྱིས་སྦྱངས་བརྩོན་ལྷོད་མེད་མཛད།
དེ་ནས་དུས་ཡུན་གང་འཚམ་གྱི་རྗེས་ནས་མཁན་ལྷ་རྒྱལ་རིན་པོ་ཆེ་དང༌། ཀོང་སྤྲུལ་རིན་པོ་ཆེ། རྫོགས་ཆེན་རིན་པོ་ཆེ་སྐུ་ཕྲེང་དྲུག་པའི་ཡོངས་འཛིན་མཁན་མགོན་པོ།མཁས་དབང་སྤྲུལ་སྐུ་སྒྲ་གཅན་བཅས་དམ་པ་མང་པོའི་མདུན་ནས་དབང་ལུང་ཁྲིད་གསུམ་ གྱི་མན་ངག་ལ་གསན་བསམ་མཛད། དགུང་ལོ་ཉེར་གཉིས་པ་བོད་རབ་བྱུང་དྲུག་པའི་མེ་ཁྱི་ཕྱི་ལོ་ ༡༩༤༦ ལོར་ལྷ་སར་བྱོན་ནས་གནས་ཆེན་ཁག་ལ་མཇལ་སྐོར་དུ་ཕེབས། སྐབས་དེར་ལྷ་སར་གསར་དུ་ བཙུགས་མ་ཐག་པའི་བོད་དམག་ཁུལ་ཁང་གི་ལས་བྱེད་སློབ་གྲྭའི་དགེ་རྒན་དུ་གདན་དྲངས་ ཏེ། ཁོང་གིས་སློབ་གྲྭ་དེ་དང་ཟུར་བཙུགས་སྤྱི་ཚོགས་འཛིན་གྲྭའི་དགེ་རྒན་གྱི་ ལས་དོན་གཅིག་ལྕོགས་གནང༌། ལོ་གཉིས་ཀྱི་རྗེས་དམག་ཁུལ་ཁང་གི་སློབ་གྲྭ་དེ་བོད་ གཞུང་གི་སློབ་གྲྭར་བསྒྱུར་བ་དང༌། དེ་མཚུངས་སྤྱི་ཚོགས་འཛིན་གྲྭ་རྨང་གཞིར་ བཟུང་བའི་བོད་ལྗོངས་གཞོན་ནུ་ཚོགས་པ་བཙུགས། སྐབས་དེར་ཁོང་གིས་ལས་བྱེད་འཛིན་ གྲྭའི་འཛིན་གྲྭ་དང་པོའི་དགེ་རྒན་གནང་ཞིང༌། ཞོར་དུ་བོད་ཡིག་དགེ་རྒན་རྣམས་ལ་ སློབ་ཁྲིད་གནང་བ་དང༌།བོད་ཀྱི་སྐད་ཡིག་ཞིབ་འཇུག་ཁང་གི་འགན་འཛིན་བཅས་ཀྱི་ཕྱག་ ལས་གནང་སྟེ་ཕྱི་ལོ་ ༡༩༥༩ལོའི་བར་ལྷ་སར་བཞུགས།
ཕྱིས་བོད་རྒྱ་ཚིག་མཛོད་ཆེན་མོ་རྩོམ་སྒྲིག་གི་ལས་དོན་ལྷ་སར་ཚུགས་སྐབས་ཁོང་གཙོ་འགན་འཁུར་བའི་གྲས་སུ་ཞུགས་པ་དང༌། ཕྱི་ལོ་ ༡༩༧༨ ལོར་རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུའུ་རུ་བོད་རྒྱ་ཚིག་མཛོད་ཆེན་མོའི་ལས་དོན་ལེགས་འགྲུབ་མཇུག་ སྐྱོང་བར་ཡང་ཞུགས་པ་བཅས་ཀྱི་ཐུགས་ཁུར་ཆེར་བཞེས་མཛད། དེ་རྗེས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་དང་ནུབ་བྱང་མི་རིགས་སློབ་གྲྭ་ ཆེན་མོ་གཉིས་ཀྱིས་སྔ་ཕྱིར་གདན་དྲངས་ཏེ། དགེ་རྒན་ཆེན་མོའི་གོ་ཐོབ་ཕུལ་ཞིང་ སློབ་གྲྭ་དེ་གཉིས་སུ་སུམ་རྟགས་དང༌། སྙན་ངག གྲུབ་མཐའ། ཆོས་ལུགས་སོགས་ཀྱི་ སློབ་ཁྲིད་གནང༌། དེ་བཞིན་སི་ཁྲོན་བོད་ཡིག་སློབ་གྲྭ་དང༌། དར་མདོ་དགེ་འོས་ ཆེད་སྦྱོང་སློབ་གྲྭ་གཉིས་ཀྱིས་ཀྱང་ཆེད་དུ་གདན་ཞུས་ལྟར་སློབ་ཁྲིད་ཀྱི་མཛད་པ་ ཡུན་རིང་གནང༌། ཕྱི་ལོ་ ༡༩༨༡ ལོར་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་དབུ་འཛིན་གཞོན་པའི་འགན་བཞེས་ཤིང་ཞིབ་འཇུག་པའི་མཚན་ཐོབ་བཞེས། ཕྱི་ལོ་ ༡༩༩༡ ལོར་སི་ཁྲོན་ཞིང་ཆེན་གྱིས་དགེ་རྒན་ཆེན་མོའི་མཚན་ཐོབ་ཕུལ་བ་དང༌། བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱིས་བཀའ་བསྟན་དཔེ་སྡུར་རྩོམ་སྒྲིག་གི་དཀའ་གནད་བཀའ་འདྲི་ཞུ་ཡུལ་གྱི་སློབ་དཔོན་དུ་གདན་ཞུས་མཛད། ཁོང་གིས་སྔ་ཕྱིར་སུམ་ཅུ་པའི་རྣམ་བཤད་གཟུར་གནས་དགྱེས་པའི་གཏམ་དང་རྟགས་ཀྱི་ འཇུག་པའི་དཀའ་འགྲེལ་གནད་ཀྱི་སྒྲོན་མེ་ཞེས་པའི་དེབ་གཉིས་དང༌། གཞན་བོད་ཀྱི་ རིག་གཞུང་སྐོར་གྱི་ཆེད་རྩོམ་ཡང་མང་པོ་སྤེལ་ཡོད་པ་བཅས་མདོར་ན། དམ་པ་འདིས་ སྐུ་ཚེ་ཧྲིལ་པོར་བོད་ཀྱི་རིག་གཞུང་དར་སྤེལ་དང༌། མ་ཟད་བོད་རིགས་གཞོན་སྐྱེས་ སློབ་མ་མང་པོ་བསྐྱེད་བསྲིང་གི་ཐད་བཅས་ལ་མཛད་རྗེས་བླ་ན་མེད་པ་བཞག་སྟེ། མཐར་ དགུང་གྲངས་བདུན་ཅུ་དོན་བཞི་པ་བོད་རང་བྱུང་བཅུ་བདུན་པའི་ས་ཕོ་སྟག་ཕྱི་ལོ་ ༡༩༩༨ ལོའི་ཟླ་ ༧ ཚེས་ ༤ ཉིན་སྐུ་གཤེགས་སོ།།
Leave a Reply