རྒྱལ་སྤྱིའི་སྙན་ངག་ཉིན་མོ།
ཕྱི་ལོ་༢༠༡༦ལོའི་ཟླ་༣ཚེས་༢༡ཉིན་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱིས་གོ་སྒྲིག་བྱས་པའི་རྒྱལ་སྤྱིའི་སྙན་ངག་ཉིན་མོ་དེ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཚོགས་ཡོད།
མཛད་རིམ་ཐོག་མར། ཚང་མ་སྐུ་བཞེངས་ཐོག རང་ལུས་མེར་སྲེག་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་བཙོན་འོག་རྩོམ་པ་པོའི་ཆེད་དུ་མྱ་ངན་ངག་བཅད་སྐར་མ་གཅིག་གནང་བ་དང་། པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཕྱི་འབྲེལ་དྲུང་ཆེ་བུངྷ་སྐྱབས་ལགས་ཀྱིས་རྒྱལ་སྤྱིའི་པེན་དང་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་སྤྲོད་གནང་གནང་དོན། “པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ནི་ཕྱི་ལོ་༡༩༩༩ལོའི་ཕྱི་ཟླ་༣པའི་ཚེས་༡༧ཉིན་རྒྱ་གར་གཞུང་ལ་དེབ་སྐྱེལ་བྱས་ཏེ་བཙུགས་པའི་ཁྲིམས་མཐུན་གྱི་ཤེས་ཡོན་པའི་དཔུང་ཁག་གི་ཚོགས་སྡེ་གལ་ཆེན་ཞིག་ཡིན། ཟླ་དེའི་ཚེས་༡༩ཉིན་བཙན་བྱོལ་གཞུང་གི་དམངས་གཙོའི་ཀ་བ་གསུམ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་གསར་དུ་རྩོམ་པ་པོའི་མཐུན་ཚོགས་ལ་ཞུགས་པའི་ཚོགས་མི། གཞན་ཤེས་ལྡན་མི་སྣ་མི་ཉུང་བ་བཅས་གདན་ཞུས་ཀྱིས་རྒྱ་གར་ཧི་མ་ཅལ་མངའ་སྡེ་བཞུགས་སྒར་རྡ་རམ་ས་ལ་ནོར་གླིང་དུ་ཐོག་མར་དབུ་བརྙེས། མཐུན་ཚོགས་འདིས་རྒྱལ་སྤྱིའི་པེན་གྱི་ཡན་ལག་ཏུ་ཞུགས་རྒྱུར་གལ་ཆེར་མཐོང་ནས་སྙན་སྐུལ་རིམ་ཞུས་བཞིན། ༢༠༠༢ལོའི་ཕྱི་ཟླ་༩པར་མེ་སཱི་སྒྲོན་ནེ་ཡ་རྒྱལ་ཁབ་ཏུ་འཚོགས་པའི་རྒྱལ་སྤྱིའི་པེན་གྱི་ཚོགས་ཆེན་ཐེངས་༦༨པར་གསར་ཞུགས་ཀྱི་གོ་སྐབས་ཐོབ་ཅིང་ཚེས་༢༠ཉིན་སྤྱི་མོས་ཀྱིས་ཐག་གཅོད་བྱུང་སྟེ་རྒྱལ་སྤྱིའི་པེན་གྱི་ཡན་ལག་གི་ཚོགས་སྡེར་ངོས་ལེན་ཐོབ་སྟེ། པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཞེས་པའི་མིང་བྱང་གནང། དེ་ནས་རྒྱལ་སྤྱིའི་པེན་གྱི་ཚོགས་ཆེན་ཁག་ལ་མཉམ་ཞུགས་བྱས་ཏེ་རྒྱའི་བཙོན་འོག་ཏུ་ཚུད་པའི་བོད་ཀྱི་རྩོམ་པ་པོ་རྣམས་ཀྱི་གནས་བབ་དང་། རྩོམ་འབྲིའི་རང་དབང་། སྨྲ་བརྗོད་རང་དབང་། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐད་དུ་གྲོས་ཆོད་སྔ་རྗེས་འཇོག་ཐུབ་ཡོད།”ཅེས་གསུངས་སོང་།
པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་འཛིན་སྐྱོང་དྲུང་ཆེ་ཉི་མ་འཚོ་ནས་༼རྒྱལ་སྤྱིའི་སྙན་ངག་ཉིན་མོ་༽ངོ་སྤྲོད་གནང་དོན། “རྒྱལ་སྤྱིའི་སྙན་ངག་ཉིན་མོ་ནི་སྙན་ངག་པར་ངོས་འཛིན་རྒྱབ་སྐྱོར་དང་། ཁོང་ཅག་གིས་བརྩམས་པའི་སྙན་ངག་བརྩམས་ཆོས་ལ་བཀའ་དྲིན་རྗེས་དྲན་ཉིན་མོ་ཞིག་རེད། ཉིན་མོ་འདི་ནི་ལོ་རེའི་ཕྱི་ཟླ་༣ཚེས་༢༡ཉིན་སྲུང་བརྩི་བྱེད་པ་ནི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཤེས་རིག་དང་། ཚན་རིག ཡུལ་སྲོལ་རིག་གཞུང་(UNESCO) གི་ཚོགས་ཆེན་སྟེང་ནས་ངོས་འཛིན་གནང་བ་རེད། དེ་ཡང་སྙན་ངག་པས་གནའ་དེང་འཛམ་གླིང་གི་སྒྱུ་རྩལ་དང་རིག་གཞུང་གི་ཁྱབ་ཁོངས་ན་འགན་བབ་དང་གོ་གནས་ཆེ་ཤོས་ཤིག་བཟུང་ཡོད་པར་ངོས་འཛིན་གནང་སྟངས་ཤིག”ཡིན་པ་དེ་བྱེད་སྒོ་དང་རྣམ་པ་འདྲ་མིན་ཐོག་བརྩི་སྲུང་བྱེད་ཀྱི་ཡོད་པ་ངོ་སྤྲོད་དང་། “པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ངོས་ནས་ཉིན་མོ་འདི་བརྩི་སྲུང་བྱེད་དོན་ནི། འཛམ་གླིང་རྒྱལ་ཁབ་གཞན་དག་གིས་ཉིན་མོ་འདི་བརྩི་སྲུང་བྱས་ནས་ད་ལྟ་བར་དུ་ལོ་༡༦ཕྱིན་ཡོད།
ང་ཚོའི་བོད་པ་ལ་ཡང་འཛམ་གླིང་རྒྱལ་ཁབ་གཞན་པ་ནང་བཞིན་རྩོམ་པ་པོ་དང་། སྙན་ངག་པ། རི་མོ་བ་སོགས་ཡོད། ཡོད་པ་དེ་དག་ལ་ངོས་འཛིན་དང་བདག་པོ་རྒྱག་དགོས་པ་དེ་གལ་ཆེན་པོ་མཐོང་ནས། ད་ལྟའི་བར་དུ་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་སྤྲལ་ནག་པ་བློ་གྲོས་དཔལ་བཟང་ལགས་ཀྱིས་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་རྒྱུན་ལས་སྐབས་ལྔ་བའི་ལངས་ཕྱོགས་ངོ་སྤྲོད་གནང་དོན། པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཤེས་ཡོན་པའི་ཚོགས་སྡེ་ཞིག་ཡིན་པས་རྒྱུན་ལས་སྐབས་ལྔ་བས་ཤུགས་རྒྱག་ས་གཙོ་བོ་ཡང་ཤེས་ཡོན་དང་སྐད་ཡིག་ཐོག་ཡིན་པ་ངོ་སྤྲོད་གནང་སོང་།
ས་རཱ་མཐོ་སློབ་ཀྱི་རྩོམ་རིག་སློབ་དཔོན་མེ་འོད་ལགས་ཀྱིས་རྩོམ་པ་པོ་ཞོགས་ལྗང་ལགས་ཀྱི་འཛིན་བཟུང་བཙོན་འཇུག་གི་བརྒྱུད་རིམ་དང་འབྲེལ་བའི་ངོ་སྤྲོད་གཏམ་བཤད་གནང་དོན། རྒྱལ་སྤྱིའི་སྙན་ངག་གི་ཉིན་མོ་དང་འབྲེལ་ནས། ང་ཚོས་ངེས་པར་དྲན་འོས་ཤིང་དྲན་དགོས་པའི་བོད་ཀྱི་རང་དབང་དང་ཐོབ་ཐང་འཐབ་རྩོད་པ་ཞོགས་ལྗང་ལགས་ངོ་སྤྲོད་ཐུང་ཐུང་བྱ་རྒྱུ་ཡིན། ཞོགས་ལྗང་སམ་འབྲུག་ལོ་ནི་སྤྱི་ལོ། ༡༩༨༦ལོར་ཀན་ལྷོ་བསང་ཆུ་རྒན་གྱ་ནས་སྐྱེས། ས་གནས་སློབ་ཆུང་དང་བསང་ཆུ་རྫོང་བོད་ཡིག་སློབ་འབྲིང་། ནུབ་བྱང་མི་རིགས་སློབ་ཆེན་བཅས་ནས་རིམ་གྱིས་སློབ་སྦྱོང་གནང་། ༢༠༠༨ ལོར་བོད་མའི་སྐྱིད་སྡུག་མཉམ་མྱོང་ལས་འགུལ་གྱི་སྣེ་འཁྲིད་པའི་གྲས་སུ་ཡོད་པ་དང་། ༢༠༡༠ ལོར་ཟླ་༤ཚེས་༦ ཉིན་རྒྱ་གཞུང་གིས་ཉེས་མེད་ཉེས་འགེལ་གྱིས་འཛིན་བཟུང་བྱས་ནས་ཟླ་གཅིག་ལྷག་ལ་འདྲི་གཅོད་ཚ་ནན་བྱས་ནས་གློད་བཀྲོལ་བཏང་དུས། སེམས་ཀྱི་དྲན་པ་ཆེས་ཆེས་མི་གསལ་བའི་ཚད་དུ་བསྐྱལ།
༢༠༡༢ ལོར་ཁོང་རྒྱ་སྲིད་གཞུང་གིས་གནོན་ཤུགས་སྤྲད་ནས་སློབ་ཆེན་མཐར་ཕྱིན་དུ་ཡིག་རྒྱུགས་ལ་ཞུགས་མ་བཅུག་པར་མུ་མཐུད་སློབ་སྦྱོང་གི་གོ་སྐབས་ཤོར། ཟི་ལིང་དུ་དཔེ་གཟིགས་ཁང་ཞིག་སྒོ་ཕྱེས་ཀྱང་། དེ་ཡང་གཉེར་མ་བཅུག་པར་འགྲོ་དགོས་ཆགས་པའི་གནོན་ཤུགས་རབས་དང་རིམ་སྤྲད་འདུག ཡིན་ནའང་ཁོང་གིས་མི་དང་མིའི་རིགས། བོད་མི་རིགས་ཀྱི་རང་དབངདང་ཐོབ་ཐང་གི་ཆེད་དུ་སྙུ་གུའི་སྟོབས་ལ་བརྟེན་ནས་ཡོད་ཚད་བློས་གཏོང་གིས་འཐབ་རྩོད་རྒྱུན་མཐུད་ནས། ལམ་གྱི་སྙིང་སྟོབས་དང་<རང་གྲོལ་སྙིང་སྟོབས།>> <<རང་དབང་གི་ཆེད་དུ། ང་ལ་བློ་འགྱོད་མེད།>> <<སྙུ་གུའི་སྟོབས།>>བཅས་རྩོམ་དེབ་བཞི་དཔར་སྐྲུན་ཞུས། དེ་དག་ལས་ལམ་གྱི་སྙིང་སྟོབས་རྒྱ་གཞུང་གི་སྔ་ས་ནས་ཁྲིམས་ལ་བཅུག ཡིན་ནའང་ཁོང་གིས་མུ་མཐུད་དུ་རང་དབང་གི་ཆེད་དུ་རྩོམ་ཡིག་བྲིས་ཤིང་གཞན་གྱིས་བྲིས་པ་བོད་བསྒྱུར་ཡང་གནང་མྱོང་།
༢༠༡༥ ༣ ༡༩ཉིན་རེབ་ཀོང་དུ་ཁོང་འཛིན་བཟུང་བྱས་འདུག ༢༠༡༦ ༣ ༡༧ ཉིན་རྨ་ལྷོ་རྫོང་འབྲིང་རིམ་ཁྲིམས་ཁང་ནས་ཁྲིམས་རྩོད་སོགས་ཀྱི་གོ་རིམ་གང་ཡང་མེད་པར་ལོ་གསུམ་གྱི་ཁྲིམས་ཐག་བཅད་འདུག འདི་ལྟར་རྒྱ་གཞུང་གི་གདུག་རྩུབ་ཆེ་སྲིད་ཇུས་ནི་ཅི་འདྲའི་འཇིགས་སུ་རུང་བ་ཞིག་རེད་ཨང་། ད་ལྟ་ཁོང་ཆེས་མུན་ནག་གི་བཙོན་ཁང་དུ་ཡོད། ཁོང་ལྟ་བུའི་དཔའ་སྤོབས་ཆེ་བའི་རྩོམ་པ་པོ་དང་། བློ་རིག་པ་རྣོ་བའི་རྩོམ་པ་པོ་ང་ཚོ་བོད་ལ་ཡོད་པས། ད་དུང་བཙན་པོའི་དཔའ་ངར་དང་གཟི་བརྗིད་བོད་ཡུལ་དུ་གནས་ཡོད་པ་མཚོན་ཐུབ་ལ། པཎ་ཆེན་བཅུ་བ་ལྟ་བའི་མི་རིགས་ཀྱི་དཔའ་བོ་རྣམས་ཀྱི་ཞལ་ཆེམས་བོད་མི་རིགས་ཀྱི་སེམས་ཁོངས་ན་གནས་པ་མཐོང་ཐུབ། དེ་བས་ཞོགས་ལྗང་ཁོང་ནི་འདྲ་འདྲའི་ནང་གི་མ་འདྲ་བའི་རྩོམ་པ་པོ་ཞིན་ཡིན་པས། དེ་རིང་ཁོང་ལ་རྗེས་དྲན་བྱས་པ་ནི་ཤིན་ཏུ་འོས་ཤིང་འཚམ་པ་ཡིན། ད་ལྟ་རྒྱལ་སྤྱིའི་འགྲོ་བ་མའི་ཐང་དང་རྒྱལ་སྤྱིའི་པེན་རྩོམ་པོ་པོའི་མཐུན་ཚོགས་བཅས་སུ་ཁོང་གི་རླབས་ཆེ་བའི་བྱས་པ་ཁྱབ་ནས་འགྲོ་བཞིན་ཡོད། ད་ལྟ་ཁོང་ལ་སྐྱེས་སྨན་ཡོད་ལ་ལོ་ངོ་བཞི་ཙམ་ཡིན་པའི་བུ་ཕྲུག་ཀྱང་ཡོད། ཁོང་གི་གཅེས་ཕྲུག་གི་མིང་ལ་རང་དབང་ལ་དགའ་བ་ཞེས་འབོད། ཁོང་གིས་འདི་ལྟར་ཡོད་བློས་བཏང་ནས་སུ་ཞིག་གི་ཆེད་དུ་དང་ཅི་ཞིག་གི་དོན་དུ་བཙོན་ཁང་གི་མནར་གཅོད་མྱོང་བཞིན་ཡོད། མིའི་རང་དབང་དང་ཐོབ་ཐང་། མིའི་རིགས་ཀྱི་དང་བོད་མི་རིགས་ཀྱི་རང་དབང་དང་ཐོབ་ཐང་གི་དོན་དུ་ཡིན། དེ་བས་ང་ཚོས་ཁོང་ལ་རྗེས་དྲན་དང་གུས་བརྩི་བྱ་འོས་པ་ཡིན།
༢༠༡༥ ཟླ་ ༣ ཚེས་ ༡༦ ཉིན་ཁོས་རང་གི་མཐའ་མཇུག་གི་ཟིན་ཐོ་གཉིས་པ་སྤེལ་བའི་ནང་། “རེབ་གོང་ནས་མེ་མདའ་བཟུང་བའི་དམག་མི་སྐོར་དང་སྐོར་བྱས་ནས་མང་ཚོགས་དག་ལ་སྔོག་བཤེར་བྱེད་ཀྱི་འདུག འདི་ནི་མང་ཚོགས་སྤྱི་བའི་བདེ་འཇགས་ལ་སྲུང་སྐྱོབ་བྱས་པ་ཡིན་ནམ། བསམ་བཞིན་དུ་དམངས་སེམས་ལ་ཟིང་ཆ་བསླངས་པ་ཡིན་ནམ། སྤྱི་ཚོགས་བརྟན་བརླིང་ཟེར་བ་ནི་འདི་ལྟའི་བྱེད་ལས་ཤིག་ཡིན་ཚེ་ཤིན་ཏུ་འཇིགས་སུ་རུང་བ་ལ། མང་ཚོགས་ཀྱི་སྟེང་དུ་མེ་མདའ་བཟུང་བའི་ཉེན་རྟོག་པ་འདི་དག་ནི་སུ་ཞིག་གི་ལག་ཆ་ཡིན་ནམ། ཁོ་ཚོས་ཅིའི་ཕྱིར་འདི་ལྟར་བྱེད་དགོས་པ་ཡིབ་ནམ། ང་ཚོའི་འགྲོ་བ་མིའི་ཐོབ་ཐང་ཟེར་བ་ནི་འདི་ལྟར་འགན་སྲུང་བྱས་པ་ཡིན་ནམ། ཁྲིམས་སྐྱོང་རྒྱལ་ཁབ་ཅེས་པ་ནི་འདི་ལྟ་བུ་ཞིག་ཡིན་ནམ། བསམས་ཤིང་བསམ་ན་འཇིགས་དངངས་སྐྱེས་པའི་བྱེད་ལས་འདི་དག་ནི་ཟིང་འཁྲུག་གི་རྒྱུ་འབའ་ཞིག་ལས་མ་འདས་སོ།།”ཞེས་བཀོད་འདུག
ས་རཱ་མཐོ་སློབ་ཀྱི་རྩོམ་རིག་སློབ་དཔོན་རྒན་ཨ་འཇམ་ལགས་ཀྱིས་ཁོ་རང་ཉིད་ཀྱི་བྲིས་པའི་སྙན་ངག་ ༼སྨྲ་ལྕེ་ཡི་གཟེར་ག༽ སྙན་ངག་གྱེར་འདོན་གནང་བ་དང་། པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་གསར་འགོད་པ་བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས་༼ཞོགས་ལྗང་ངམ་ཡང་ན་འབྲུག་ལོ།༽ ཞེས་པའི་སྙན་ངག་ཅིག་གྱེར་འདོན་གནང་། ས་རཱ་མཐོ་སློབ་ཀྱི་སློབ་མ་བསོད་ནམས་ཚེ་བརྟན་ལགས་ཀྱིས་རྩོམ་པ་པོ་ཐེའུ་རང་ལགས་ཀྱིས་བརྩམས་པའི་སྙན་ངག ༼བཙན་པོའི་རལ་གྲི་ཐོགས་དང་བདག་གི་གདོང་དམར་བ་༽ ཞེས་པའི་སྙན་ངག་དབུས་སྐད་ཐོག་ནས་གྱེར་འདོན་གནང་བ་དང་། སྨོན་ལམ་བརྡ་འཕྲིན་ཁང་གི་རྩོམ་སྒྲིག་པ་སྨིན་སྣང་མཛེས་ལགས་ཀྱིས་སྙན་ངག་པ་ཐེའུ་རང་གིས་བརྩམས་པའི་༼ང་ཡི་བོད་༽ཅེས་པ་གྱེར་འདོན་གནང་། ནོར་གླིང་མཐོ་སློབ་ཀྱི་སློབ་མ་བསོད་ནམས་ཚེ་རིང་གིས་༼རྩོམ་པ་པོ་ཞོགས་ལྗང་ལགས་དྲན་པ་གཏམ་གྱི་མདའ་མོ་ལྟོང་ནས་ཤོར་སྟངས་༽ཞེས་པའི་སྙན་ངག་ཅིག་གྱེར་འདོན་གནང་།
ལྡོང་རིགས་བློ་བསྟན་ལགས་ནས་༼རིགས་ཀྱི་ཞེན་པ་གླེང་བའི་དྲང་བདེན་པ།༽ སྙན་ངག་གྱེར་འདོན་གནང་། སཱ་ར་མཐོ་སློབ་ཀྱི་སློབ་མ་ཆོས་གྲུབ་ལགས་ཀྱིས་ཐེའུ་རང་གིས་བརྩམས་པའི་སྙན་ངག་༼དམྱལ་ཁམས་ཀྱི་བཙོན་མ་ ༽ ཞེས་པ་ཁམས་སྐད་ཀྱིས་སྙན་ངག་གྱེར་འདོན་གནང་། སཱ་ར་མཐོ་སློབ་ཀྱི་སློབ་མ་དཀར་མོ་འཚོ་ལགས་ཀྱིས་ཁྲི་སེམས་དཔའ་ཡིས་བརྩམས་པའི་སྙན་ངག་༼ཨ་ཅེ། ང་ཕ་ཡུལ་དུ་ལོག་འདོད་ ༽ཅེས་པ་ཨམ་སྐད་ཀྱིས་སྙན་ངག་གནང་བ་བཅས་ཚོར་ཤུགས་ཆེན་པོ་དང་སྐད་གདངས་འདྲ་མིན་གྱིས་གྱེར་འདོན་གནང་སོང་།
མཐའ་མར་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ངོས་ནས་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས་གཙོས་པའི་དགེ་སློབ་ཡོངས་ཀྱིས་སྙན་ངག་ཉིན་མོའི་བྱེད་སྒོ་ལེགས་གྲུབ་ལ་མཐུན་རྐྱེན་རོགས་རམ་གནང་བར་བཀའ་དྲིན་ཆེ་ཞུས་སོང་།
Leave a Reply