མཁལ་མ་རྐུ་ལ་ཤོར་སོང་།

མདོ་མེད་པ་ཁ་དྲག

འགྲོ་བ་སེམས་ཅན་ཀུན་ལ།།ཉེ་རིང་ཆགས་སྡང་མེད་པར།།དྲི་མེད་ཀུན་ལྡན་ལྟ་བུར།།ངང་རྒྱུད་རིང་དུ་གནས་ཤོག །
ཞེས་ཁ་པར་གྱི་འབོད་བརྡ་གྲག་བྱུང་།ཨ་ཁུ་གྲགས་པས་མྱུར་དུ་ཨང་གྲངས་ལ་ཞིབ་ཏུ་བལྟ་དུས་རང་གི་བུ་འབུམ་པ་རྒྱལ་གྱིས་བཏང་ཡོང་བ་ཤེས་རྗེས་ཁ་ཕྱེ་དེ་རྣ་བར་བརླན། ཚུལ་དེ་ལ་བལྟས་ན་ཨ་ཁུ་གྲགས་པའི་ཁ་པར་ལས་ཅི་ཞིག་ཉན་འདོད་པམ་ཡང་ན་ཅི་ ཞིག་བཤད་འོང་བར་སྐྲག་སྣང་སྐྱེས་བ་ངང་གིས་ཤེས་འོངས།
ཝེ། ཨ་ཕ་ཡིན་ནམ། ངེད་གཉིས་སྨན་ཁང་དུ་བསྡད་ཟིན།
སྨན་པས་བཤད་པ་ལྟར་ན་གསེར་མཚོའི་ནད་དེ་ཅུང་ཚབ་ཆེ་བའི་ནད་ཅིག་ཡིན་ལ། སྨན་འཐུང་ བ་དང་ཁབ་རྒྱག་པ་གང་གིས་ཀྱང་མི་ཕན་པས།ངེས་པར་དུ་གཤགས་བཅོས་བྱ་དགོས།གལ་ཏེ་ འགོར་འགྱངས་མ་བྱས་བར་གཤགས་བཅོས་བྱས་ན་སྲོག་གི་ཉེན་ཁ་མི་འབྱུང་། དེ་བས་བཟའ་ཚང་ལ་གྲོས་བྱོས་ཟེར།

དེ་འདྲ་ཞིག་ཡིན་ན་མཛུབ་གུ་གཏུབས་ལ་ཐུག་ཀྱང་མནའ་མར་གཤགས་བཅོས་བྱ་དགོས།འོན་ ཀྱང་སྨན་རིན་ག་ཚོད་དགོས་ཞེས་ཨ་ཁུ་གྲགས་པས་ཅུང་རེ་བ་ཡོད་པའི་སྒོ་ནས་དྲིས།

སྨན་པས་བཤད་པ་ལྟར་ན། དེང་སྐབས་རྒྱལ་ཁབ་ཀྱི་སྲིད་ཇུས་ཧ་ཅང་བཟང་བས། རོང་འབྲོག་མང་ཚོགས་ལ་རོགས་སྐྱོར་རབ་དང་རིམ་པ་ཡོད།གལ་ཏེ་སྡེ་བ་དང་ཞང་སྲིད་ གཞུང་གི་བདེན་དཔང་ཡོད་ཚེ།ཕལ་ཆེར་སྒོར་ཁྲི་གཉིས་ཡས་མས་ཀྱིས་་ཆོག་ཟེར།ཞེས་ འབུམ་པ་རྒྱལ་གྱིས་སྐད་ཆ་བདེན་ངེས་བ་ཞིག་བཤད་པར།ཨ་ཁུ་གྲགས་པ་ཅུང་ཡིད་ཚིམ་ པའི་ངང་ནས་དེ་འདྲའི་སླ་བ་ལ།ངས་མྱུར་དུ་ལུག་འགའ་བཙོངས་རྗེས་ཁྱོད་གཉིས་ལ་ སྒོར་མོ་སྐུར་ནས་ཡོང་།ཡིན་ནའང་།དོན་དག་ལེགས་ཉེས་ཅི་ཡིན་ཡང་མོ་བ་པ་ཁྲམ་ལ་མོ་ ཞིག་འདེབས་དགོས།ཞེས་བཤད།ཕ་བུ་གཉིས་ཀྱིས་འདི་ལྟར་མནའ་མར་གཤགས་བཅོས་བྱེད་པའི་ ཕྱོགས་ལ་གྲོས་རིལ་མ་འདྲ་ཞིག་བྱས་རྗེས་མོ་བ་པ་ཁྲམ་གྱི་མོ་ལ་སྒུག་ནས་བསྡད།

མོ་བ་པ་ཁྲམ་ནི་ཉེ་བའི་ལོ་འགའི་སྔོན་ལ་སྡེ་བ་་འདིར་འོངས་ཤིང་དང་ཐོག་ཁོས་གྲ་ བ་རིམ་གྲོ་སྒྲུབ་པ་དང་ཡུན་གྱིས་མོ་འདེབས་པ་སོགས་ཆོས་ལུགས་ཀྱི་ཆོ་ག་སྣ་ཚོགས་ ལ་བརྟེན་ནས་སྒོར་མོ་བཙལ་གྱིན་ཡོད། ཡིན་ནའང་། ཁོའི་མོ་ངོ་མ་མངོན་མཁྱེན་ལྟ་བུ་ཡིན་པས། སྡེ་མི་ཚང་མ་ཁོ་ལ་རིམ་བཞིན་དད་ཅིང་ཡུན་གྱིས་གཙིགས་ཏུ་བཀུར། གལ་ཏེ་མི་སུ་ཞིག་ལ་མོ་བ་པ་ཁྲམ་གྱི་མོ་ཡག་པོ་ཞིག་བབས་སོང་ན་སང་ཉིན་འཆི་དགོས་ ཀྱང་ད་དུང་གསོན་པར་ཡིད་ཆེས་བྱེད།

ཨ་ཁུ་མོ་བ་ཉེ་ལམ་སྐུ་བདེ་མོ་ཡིན་ནམ། ཨོ། ཨ་ཁུ་གྲགས་པ་ཡིན་ནམ། ཁྱོད་ལ་དོན་དག་འདྲ་ཡོད་དམ།མོ་བ་པ་ཁྲམ་གྱིས་དེ་ལྟར་དྲིས།

ཨ་ཁུ་གྲགས་པས་དོན་དག་གི་རྒྱུད་རིམ་ཞིབ་ཏུ་མོ་བར་ཞུས་རྗེས།ཁོང་ལ་མོ་ཞིག་འདེབས་དགོས་ཚུལ་བཤད།

ཨོ།དེ་འདྲ་ཡིན་ན་མོ་ངེས་བར་དུ་འདེབས་དགོས་ཞེས་བཤད་བཞིན་ཕྲེང་བ་ལག་པས་ཐོད་ལ་ བཟུང་ནས་ཡང་དང་བསྐྱར་དུ་བཏབ།མཚམས་ཤིག་ལ་མོ་བ་པ་ཁྲམ་གྱི་གདོང་ལ་འཛུམ་ཞིག་ ལངས་ནས་གཤགས་བཅོས་བྱ་བར་མོ་ཧ་ཅང་ཡག་པོ་ཞིག་བབས་འདུག ནད་པར་སྐྱོན་མེད་པ་ཁོ་ཐག་རེད། ཞེས་བཤད།ཨ་ཁུ་གྲགས་པ་དགའ་སྤྲོ་དང་རེ་བའི་ངང་ནས་སྒོར་བརྒྱ་མོ་བ་པ་ཁྲམ་ལ་མོ་ ཡོན་དུ་ཕུལ་རྗེས།ཕྱིར་རང་ཁྱིམ་དུ་ལོག ཕྱིར་ཉིན་ཨ་ཁུ་ཆོས་གྲགས་ཀྱིས་ལུག་ལྔ་བཅུ་ཙམ་དེད་ནས་རྗོང་ཐོག་ལ་སོང་དེ་ བཙོངས་བར་མ་ཟད་སྒོར་མོ་ཁྲི་གསུམ་རང་གི་བུའི་མནའ་མར་གཤགས་བཅོས་བྱེད་པའི་སྨན་ ཡོན་དུ་སྐུར།

དེ་རིང་ནི་གསེར་མཚོར་གཤགས་བཅོས་བྱེད་པའི་ཉིན་མོ་ཡིན། མགོ་ནས་མཇུག་བར་རས་དཀར་པོས་ཡོངས་སུ་བཏུམས་པའི་སྨན་པ་དག་བརྐུ་འཕྲོག་ལ་བྲེལ་ བའི་བརྙན་འཕྲིན་ནང་གི་ཇག་ཚོགས་ནང་བཞིན་བྲེལ་བྲེལ་འཚབ་འཚུབ་བྱེད་ཀྱིན་འདུག

ཡིད་ཙམ་ལ་སྨན་པ་དག་གིས་གསེར་མཚོ་ཁྲིད་ནས་གཤགས་བཅོས་ཁང་དུ་སོང་།

དུས་ཚོད་གཅིག དུས་ཚོད་གཉིས། དུས་ཚོད་གསུམ། སྙིང་གི་རིལ་བུ་ཁ་ན་ལྡང་ལ་ཁད་བྱེད་པའི་འབུམ་པ་རྒྱལ་དང་གསར་མཚོའི་ཕུ་བོ་རྒྱ་ མཚོ་གཉིས་ལ་མཚོན་ན་
ཧ་ཅང་དལ་བའི་དུས་ཚོད་འདི་དག་ནི་ཁོ་གཉིས་ཀྱི་མི་ཚེའི་ཁྲོད་ཀྱིས་ཆེས་རིང་བའི་ ཉི་མ་རེ་རེ་དང་ཀུན་ནས་མཚུངས། དུས་ཚོད་བཞི་འགོར་སོང་།འབུམ་པ་རྒྱལ་བྲེལ་འཚུབ་དང་དངངས་སྐྲག་གིས་མ་གཟོད་པར་ གཤགས་བཅོས་ཁང་གི་སྒོ་ཁ་ན་ལག་པ་སྙིང་ཁར་སྦྱར་ནས་གསོལ་བ་འདེབས་ཀྱིན་འདུག

བཙིར། བཙིར། གཤགས་བཅོས་ཁང་གི་སྒོ་ཕྱེ་སོང་བ་དང་སྨན་པ་དག་གིས་གསེར་མཚོའི་ནད་ཁྲིའི་གཡས་ གཡོན་ནས་སྐྱོར་ཏེ་སྒོར་བུད་སོང་། སྨན་པ། མོའི་གཤགས་བཅོས་ཇི་འདྲ་རེད། འབུམ་པ་རྒྱལ་དང་རྒྱ་མཚོ་གཉིས་ཀྱིས་མགྲིན་གཅིག་ཏུ་དྲིས། སེམས་བདེ་མོ་བྱོས། ངས་སྔོན་ནས་བཤད་ཟིན་པ་མ་ཡིན་ནམ། ཁྱེད་གཉིས་ལ་རྟེན་འབྲེལ་ཞུ།བཤགས་བཅོས་ཧ་ཅང་ལེགས་འགྲུབ་བྱུང་སོང་། ཉིན་བཅུའི་རྗེས་ནས་ཁྱེད་ཚོ་ཡུལ་ལ་སོང་ཆོག

འོན་ཀྱང་ཉིན་བཅུའི་རིང་ལ་ངེས་པར་དུ་ཁྱེད་གཉིས་ཀྱིས་མོར་ཞབས་ཞུ་ཡག་པོ་ཞིག་ བསྒྲུབ་དགོས།ཞེས་ཁ་བཏུམས་པའི་སྨན་པ་བུད་མེད་དེས་དེ་ལྟར་བཤད། འབུམ་པ་རྒྱལ་ལ་དགའ་སྤྲོ་དང་རེ་བ། ད་དུང་བཤད་མི་ཤེས་བའི་ཚོར་བ་དག་གིས་སྐུལ་བའི་མིག་ཆུ་དབང་མེད་དུ་བཞུར་ཅིང་ གསེར་མཚོའི་ལག་པར་དམ་དུ་འཇུ་བཞིན་བཟི་སྨན་ལས་མ་སད་པའི་མོའི་གདོང་ལ་ཡང་ཡང་ བལྟས།

འདི་ལྟར་འབུམ་པ་རྒྱལ་དང་རྒྱ་མཚོ་གཉིས་ཀྱིས་ཞབས་ཞུ་གང་ལེགས་བསྒྲུབས་པས། དངོས་གནས་ཉིན་བཅུའི་རྗེས་ནས་གསེར་མཚོའི་ནད་སངས་དྲག་དུ་སོང་བ་ལྟ་བུའི་ཚོར་བ་ ཞིག་བྱུང་སྟེ།ཡུལ་ལ་འགྲོ་བའི་སྟ་གོན་བྱས།

གཏམ་བཟང་འདི་ཨ་ཁུ་གྲགས་པ་གཙོས་ཤ་ཉེ་འབྲེལ་ཡོངས་ཀྱི་རྣ་ལམ་དུ་བརྒྱུད་པ་ན། དགའ་སྤྲོའི་མཆི་མ་བཞུར་ཅིང་མོ་བ་པ་ཁྲམ་ལ་དད་པ་སྔར་ལས་སྐྱེས།

གསེར་མཚོ་ཡུལ་ལ་ཡོང་ནས་ཟླ་གཅིག་འགོར་སོང་རུང་ན་རྒྱུ་ཅི་ཡང་མེད་པས།མོ་དངོས་ གནས་དྲག་སོང་བ་འདྲ། དེ་བས་ཨ་ཁུ་གྲགས་པའི་གདོང་ན་ནད་གདོན་ལས་ཐར་བའི་རྒྱལ་ཁའི་འཛུམ་མདངས་ནམ་ཡང་ ཡལ་རྒྱུ་མེད་ཅིང་འབུམ་པ་རྒྱལ་དང་གསེར་མཚོ་གཉིས་ཀྱང་སྔར་ལས་ཕན་ཚུན་ལ་བརྩེ་ མདང་ཇེ་ཆེར་གྱུར་ནས་བདེ་སྐྱིད་ཀྱི་འཚོ་བ་ཞིག་ལ་རེ་བས་སྙེགས་འགོ་བརྩམས།ཡིན་ ནའང་། ཟླ་གཉིས་ཀྱི་རྗེས་སུ་གསེར་མཚོ་ཡང་བསྐྱར་ན་འགོ་བརྩམས་ཅིང་ཇེ་དྲག་ནས་ཇེ་དྲག་ ཏུ་སོང་སྟེ་ཁུལ་རིམ་པའི་སྨན་ཁང་དུ་ཞིབ་བཤེར་བྱས།གནམ་རྒན་མ། འདི་ཨེ་བདེན་ནམ། མགོ་ནག་མི། ཁྱོད་དོན་ངོ་མ་སུ་ཡིན། འབུམ་པ་རྒྱལ་གྱིས་ངུ་སྔགས་བྱེད་ཀྱིན་འདུགམ་གཞི་སྔོན་གྱི་གསེར་མཚོར་གཤགས་ བཅོས་བྱས་པའི་གྲོང་ཁྱེར་སྨན་ཁང་གི་ལུག་ལྤགས་གྱོན་པའི་སྤྱང་ཀི་དག་གིས་ཁྱི་ སྤྱང་ངན་འབྲེལ་བྱས་ནས་གསེར་མཚོར་གཤགས་བཅོས་བྱེད་དགོས་པར་ཁ་གཡར་ཏེ་མཁལ་མ་ཡ་ གཅིག་རྐུས་སོང་།

རང་གི་རྣ་བ་ལའང་ཡིད་ཆེས་དཀའ་བའི་གཏམ་ངན་དེ་ཨ་ཁུ་གྲགས་པས་ཐོས་རྗེས། མྱུར་དུ་ཡར་མར་ལ་འབྲེལ་གཏུགས་བྱས་སྟེ་ཕྱིར་སྨན་ཁང་གི་འགོ་བ་ཡོད་སར་གཏུགས་ བཤེར་རྒྱག་ཏུ་ཕྱིན་པ་ན། མི་ཤ་ཟ་ཞིང་མི་ཁྲག་འཐུང་བར་གོམས་པའི་གསོན་འདྲེ་དག་གིས་སྔ་མོ་ནས་འཆར་གཞི་ ཡོད་པའི་སྒོ་ནས་་སྨན་ཁང་གི་འགྲོ་ལུགས་ཡི་གེ་ཡོངས་རྫོགས་རྫུན་བཟོ་བྱས་ཡོད་ པར་མ་ཟད་ཐ་ན་སྨན་ཁང་དུ་བསྡད་པའི་ཟླ་ཚེས་ཀྱང་རྫུན་མ་བཟོས་འདུག
སྨན་ཁང་གི་འགོ་བས་ཨ་ཁུ་གྲགས་པར་བཤད་རྒྱུར། སྨན་ཁང་འདི་ཧ་ཅང་ཆེ་བས། ལོ་གཅིག་ལ་གཤགས་བཅོས་བྱེད་པའི་ཆེད་མཁས་སྨན་པ་ཡང་སྟོང་གཅིག་ཡན་བརྗེ་རེས་ གསོར་རྒྱག་གི་ཡོད་པས། ཁྱེད་ཀྱི་དོན་དག་འདི་རྩ་བ་ནས་རྩར་གཅོད་ཐབས་མི་འདུག དེ་བས།དུས་ཚོད་འགོར་འགྱངས་མི་བྱེད་པར་ཕྱིར་སོང་ནས་ནད་པར་བདག་བྱས་ན་བཟང་ཟེར།

ཟླ་གསུམ་གྱི་རྗེས་ནས་གསེར་མཚོའི་མཁལ་མ་གཅིག་པུའི་ནུས་བས་མ་ལྕོགས་པར་ལྔ་བའི་ ལམ་དུ་ཆས་སོང་། མོ་འགྲོ་ཁར།མི་ཡུལ་གྱི་བྱམས་སེམས་དང་སྙིང་རྗེ།གཞན་ཕན་སོགས་ཐ་སྙད་མང་པོ་ཞིག་ མཁལ་མའི་ཚབ་ཏུ་ཁྱེར་ནས་བུད་སོང་། དངོས་གནས་བུད་སོང་།

༢༠༡༢ལོའི་ཟླ་དགུ་བར།

མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་ལས་དྲངས།

Leave a Reply