ཁ་ཐག་རིང་བའི་བརྩེ་བ།

རྩེ་སྐར།

གཅིག

ལྷིང་ འཇགས་ཀྱི་གྲོང་སྡེ་ཆུང་ཆུང་དེ་དལ་ཅག་གེར་མི་ཚང་འགའ་རེའི་སྦྲའི་དཀར་ཁུང་ལས་ དུ་བ་སྔོ་ལོང་ལོང་འཕྱུར་བཞིན་འདུག གཡས་ཕྱོགས་སུ་ལྷུང་ལྷུང་དུ་བཞུར་བའི་ཀླུ་མང་ཆུ་བོའི་འགྲམ་ངོགས་ན་ལང་ཚོ་དར་ ལ་བབས་པའི་གཞོན་ནུ་མ་ཞིག་སྐྱོ་གདུང་གིས་མནར་ཏེ། འགྲམ་པའི་མཁུར་ཚོས་ལས་ཐུར་དུ་ལྷུང་བའི་མིག་ཆུ་རྡོག་རེ་ལག་པའི་ལྟག་རྒྱབ་ ཀྱིས་ཡང་ཡང་ཕྱི་བཞིན་ཙོག་པུར་བསྡད་འདུག

“ ཨེ། གཡང་སྒྲོན།・. བུ་མོ་འདི་གང་ལ་བུད་ཐལ། ,, ཨ་མ་ལྷ་མཚོ་ཡར་ལངས་ནས་ཐབ་ཀའི་ཡར་སྒྱེད་སྟེང་གི་ཕ་བསམ་འགྲུབ་ཀྱི་དཀར་ཡོལ་ནང་ཇ་གང་བླུགས་ཏེ་སླར་ས་ལ་ཙོག

ཕ་བསམ་འགྲུབ་ཀྱིས་ཇ་དཀར་ལག་ཏུ་བླངས་ནས་ཇ་ཧུབ་གང་འཐུང་རྗེས། “ བུ་མོ་འདི། ད་ཡིན་ན་གནས་ལ་འགྲོ་རན་འདུག ,, ཟེར་བཞིན་ཨ་མ་ལྷ་མཚོའི་ཕྱོགས་སུ་བལྟས།

ཨ་མ་ལྷ་མཚོས་ཐད་ཀར་ལན་མི་འདེབས་པར་ཡུད་ཙམ་ནས། “ ཕ་མས་བཤད་ན་ཁ་ལ་མི་ཉན་གི། ད་མོའི་སྔོན་ལས་ལ་ཐུག མོའི་འདོད་པའི་བུ་དེ་མི་བཟང་ཞིག་ཡིན་པའི་སྨོན་ལམ་ ,,ཟེར་ཞོར་མགོ་ལ་ཅིག་ཕྲུགས།

“ རེད་རེད། དེང་སང་གི་ལོ་ཆུང་ཚང་མ་དེ་འདྲ་རེད། ད་མོ་རང་གི་འདོད་ཐོག་ལ་ཞོག་,, ཟེར་བཞིན། ཕ་བསམ་འགྲུབ་ཀྱིས་ཡང་བསྐྱར་ཇ་ཧུབ་གང་འཐུང༌།

“ གཡང་སྒྲོན།….. ཁྱོད་ཀྱིས་འདིར་ཅི་ཞིག་བྱེད་ཀྱིན་ཡོད། ཁྱོད་གཅིག་པུ་བསྡད་ནས། ,, གྲོགས་ མོ་ལྷ་སྐྱིད་འཛེམ་དོག་མེད་པར་གཡང་སྒྲོན་གྱི་འཁྲིས་སུ་སླེབས། གཡང་སྒྲོན་སྐྱོ་སྣང་དེའི་དབང་གིས་ལྷ་སྐྱིད་གང་ནས་སླེབས་ཡོང་བའང་མ་ཤེས་པར། གློ་བུར་བའི་བྲེལ་འཚུབ་ཀྱིས་ངོ་གདོང་གི་མིག་ཆུ་སྟོད་གོས་ཀྱི་ཕུ་ཐུང་ལ་ཕྱི་ བཞིན། བཅོས་མའི་འཛུམ་ཞིག་བསྟན་ཏེ་སྐྱོ་ཉམས་ཀྱིས་མགོ་བོ་སྒུར་ཙམ་བྱས་ཏེ་བསྡད།

“ ཨ་ཙི། གཡང་སྒྲོན། དོན་དངོས་ཁྱོད་ལ་ཅི་ཞིག་བྱུང་སོང༌། ,, ལྷ་ སྐྱིད་ཀྱིས་མོའི་ཕྲག་སྟེང་ནས་འཇུས་ཏེ་ཨུ་ཚུགས་ཀྱིས་ཡང་ཡང་དྲིས། གཡང་སྒྲོན་འགོག་མེད་ཀྱི་སྐྱོ་སྣང་དེས་རང་དབང་མེད་པར་ལྷ་སྐྱིད་ཀྱི་པང་ལ་མགོ་ བོ་སྨད་ནས་ངུས། ལྷ་སྐྱིད་ལ་ཡང་སྐྱོ་སྣང་དང་བཅས་གཡང་སྒྲོན་གྱི་མགོ་ལ་བྱིལ་བྱིལ་བྱེད་བཞིན་ ཕན་ཚུན་འདྲིས་ཤིང་གོམས་པའི་གྲོགས་མོའི་མཛའ་བརྩེ་ཟབ་མོ་ཆུ་ཕྲན་འདིའི་བཞུར་ རྒྱུན་དང་འདྲེས།

ཡུད་ཙམ་ནས་གཡང་སྒྲོན་གྱིས་ངུ་མཚམས་བཞག་སྟེ། “ ལྷ་ སྐྱིད། ངེད་གཉིས་གྲོགས་མོ་རེད། ངས་ཁྱོད་ལ་དྲང་མོར་བཤད་ཆོག བཀྲ་ཤིས་དང་ངེད་གཉིས་ཀྱི་དོན་དག་ཅིག་ཡིན། ཁོས་འདི་ལྟར་བྱེད་རྒྱུ་ངའི་ཡིད་ལའང་མ་དྲན・ ,,

“ ཨོ། བརྩེ་དུང་གི་དོན་དག་རེད། ངས་ཅི་བྱུང་བ་ཡིན་ན་བསམ་བྱུང༌། ཁོས་ཅི་ཞིག་བྱས་པ་རེད་ ,, ཟེར་བཞིན་ལྷ་སྐྱིད་ཀྱི་སེམས་ཅུང་ལྷོད་ལ་བབས།

“ སྔོན་ མ་སློབ་ཆུང་ནས་བཟུང་བཀྲ་ཤིས་དང་ངེད་གཉིས་མཉམ་འགྲོགས་མཉམ་འདུག་གིས། བྱིས་དུས་ཀྱི་དགོད་སྒྲའི་ཁྲོད་འཚར་ལོངས་བྱུང༌། ང་ཁོ་ལ་དུང་བ་དང་ཁོ་ང་ལ་དུང་བའི་བརྩེ་འདང་ནི་དངོས་ནས་བཤད་ན་གཞན་དང་མི་ མཚུངས། དགེ་སློབ་ཚང་མས་ཀྱང་ངེད་གཉིས་ཀྱི་ཕན་ཚུན་གྱི་འདང་བརྩེ་ལ་ཡིད་སྨོན་བྱེད་ཀྱི་ ཡོད་ལ། སློབ་གྲོགས་འགའ་རེས་ཕྲག་དོག་ཀྱང་བྱས་མྱོང༌། དེ་ལྟར་ངེད་གཉིས་སློབ་ཆུང་ནས་མཐར་ཕྱིན་ཏེ་སློབ་འབྲིང་ལ་ཡིག་རྒྱུགས་སྤྲད་ པའི་ལོ་དེར་སྟབས་མ་ལེགས་པར། ང་ཡིག་རྒྱུགས་མ་ལོན་པར་སློབ་འབྲིང་དུ་བསྐྱོད་མ་ཐུབ་པ་གྲོགས་མོས་ཀྱང་ཤེས་ གསལ་རེད། སྐབས་དེར་བཀྲ་ཤིས་ཀྱིས་ང་ལ་བློ་ཕམ་མི་དགོས་པའི་སྙིང་གཏམ་གྱི་སྐད་ཆ་མང་པོ་ བཤད། ངས་ཀྱང་ཁོ་ལ་ཁས་ལེན་ཡིད་ཆེས་བྱས་ཏེ། ནོངས་འགྱོད་ཅི་ཡང་མེད་པར་རང་ཁྱིམ་དུ་ལོག་ནས་ཁྱིམ་གྱི་བྱ་བ་ལ་རོལ་བཞིན། ངེད་གཉིས་ཀྱི་མ་འོངས་པའི་མི་ཚེ་ལ་རེ་སྒུག་གིས་ད་བར་ལོ་ངོ་གཉིས་ཙམ་འགོར། ལོ་ངོ་དེ་གཉིས་ཀྱི་ནང་བཀྲ་ཤིས་ཀྱིས་ང་ལ་འགྱུར་མེད་བརྩེ་འདང་གིས་ཡི་གེ་ཡང་ གང་མང་བསྐུར་ཡོང༌། ངས་ཀྱང་སེམས་གཏིང་གི་སྙིང་གཏམ་ཡོད་ཚད་སྦ་གསང་མེད་པར་བྲིས་ཏེ་ཁོ་ལ་ཡིག་ལན་ མང་པོ་བཏང་མྱོང༌། སྐབས་རེ་རང་སྡེ་ནང་གི་ཕོ་གསར་འགའ་རེ་ནས་ང་ལ་དུང་དུང་གི་རྣམ་འགྱུར་གང་མང་ བསྟན་ཡང༌། ང་གཅིག་གི་ཚིག་རྗེས་ལའང་འཁོར་མྱོང་མེད། མ་ཟད་ངའི་ཚེ་སྲོག་སྦྱིན་པའི་དྲིན་ཆེན་ཕ་མ་གཉིས་ཀྱིས་ངའི་མི་ཚེ་ལ་བསམ་བློ་ བཏང་སྟེ། ང་གནས་ལ་སྟེར་བའི་སྟ་གོན་སྔ་ས་ནས་བྱས་ཀྱང། ངས་ཁས་མ་བླངས་པར་ཨུ་ཚུགས་མཐར་བསྐྱེད་ཀྱིས་ཕ་མའི་རེ་བ་སྟོང་ཟད་ལ་བཏང༌། སྦ་གསང་མེད་པར་བཀྲ་ཤིས་དང་ངེད་གཉིས་ཀྱི་རྒྱུ་མཚན་མཐའ་དག་ཕ་མ་གཉིས་ལ་བཤད་ ཡོད། ད་ཆ་ཁོས་འདི་ལྟར་བྱེད་རྒྱུ་ངའི་ཡིད་ལའང་མ་དྲན་,, ཟེར་བཞིན་མིག་ཆུའི་རྡོག་ཕྲེང་འགའ་རང་དབང་མེད་པར་འགྲམ་པའི་མཁུར་མགོ་ལས་ཐུར་དུ་ལྷུང༌།

“ ད་མ་ངུ། ཁོས་ཅི་ཞིག་བྱས་པ་རེད། ལྷ་སྐྱིད་ཀྱིས་དོན་དག་ངོ་མ་དེ་དྲིས། ,,

“ དེ་རིང・・,,

“ དེ་རིང་ཁོས་ཅི་ཞིག་བྱས་པ་རེད། ལྷ་སྐྱིད་ཀྱིས་ཡང་བསྐྱར་སྐད་ཆ་དྲིས། ,,

“ དེ་རིང་ཁོས་ང་ལ་ཡི་གེ་ཞིག་འབྱོར་སོང༌། ,, ཟེར་བཞིན་ལྟེབ་ཚག་ཀྱང་མ་རྒྱབ་པར། བསམ་གཟས་ནས་ཡིག་ཤོག་རྡོག་རིལ་བཟོས་པའི་ཡི་གེ་ཞིག་རུམ་ནས་བླངས་ཏེ་ལྷ་སྐྱིད་ཀྱི་ལག་ཏུ་བཞག

སྔོན་ནས་འདྲིས་ཤིང་བརྩེ་བའི་ཆུང་གྲོགས་གཡང་སྒྲོན་གྱི་ལག་སོར་པདྨའི་ཚལ་དུ།

ཕྲན་བཀྲ་ཤིས་ནས་ཞུ་འབྲས།

ཁྱོད་ ཀྱི་དྲི་མས་མ་གོས་པའི་ལང་ཚོའི་མེ་ཏོག་ལ་འཚེ་བ་ཅི་ཡང་མེད་པར་སྤྲོ་དགའི་ངང་ རང་ཁྱིམ་ན་སྔར་ལྟར་བདེ་བར་གནས་ཡོད་པ་གཞིར་བྱས་འཚམས་ཞུ། ཁྲེལ་མེད་བདག་ཀྱང་བདེ་མོ་ཡིན། ད་རེས་ཁྱོད་ལ་ཉན་མི་འདོད་པའི་སྐད་ཆ་ཞིག་བཤད་ཀྱི་ཡོད་པས། ཁྱོད་རང་ཁོང་ཁྲོ་ལངས་པ་ཐག་གིས་ཆོད། ཡིན་ཡང༌། དགོངས་དག་ཞུ་རྒྱུ་ལས་ང་ལ་ཐབས་གཞན་མི་འདུག ང་སློབ་འབྲིང་འདིར་ཞུགས་ནས་ལོ་གཅིག་གི་རྗེས་ལ་ལྷ་མོ་ཟེར་བའི་འཛིན་གྲྭ་གཅིག་ པའི་བུ་མོ་ཞིག་དང་ངོ་ཤེས་ཆགས། མོས་ང་དང་མཉམ་དུ་མི་ཚེ་བསྐྱལ་འདོད་ཡོད་ཟེར་བ་སོགས་སྐད་ཆ་འདྲ་མིན་ང་ལ་བཤད་ མྱོང༌། ཡིན་ནའང༌། ངས་མོའི་ཅི་བཤད་སྣང་མེད་དུ་རེ་བ་ཁས་ལེན་བྱས་མེད། རྒྱུ་མཚན་ངའི་སེམས་ན་ཁྱོད་མ་གཏོགས་མེད་ལ། ངས་ནམ་རྒྱུན་ཁྱོད་རང་བསམ་བཞིན་ཡོད། ལྷ་མོ་དང་ངེད་གཉིས་ཀྱི་བར་འབྲེལ་བ་གཞན་གང་ཡང་མེད། ཡིན་ཡང༌། ནམ་རྒྱུན་ངེད་གཉིས་མཉམ་འགྲོགས་དང་མཉམ་འདུག་བྱེད་ཀྱི་ཡོད་པའི་སྐོར་ལ་གཞན་ གྱིས་སྐད་ཆ་འདྲ་མིན་ལབ་སྟེ། མཐར་ངེད་ཚང་གི་ཕ་རྒན་གྱིས་ཀྱང་གོ་འདུག མ་བསམ་ས་ནས་ལྷ་མོའི་ཕ་རྒན་དང་ངའི་ཕ་རྒན་གཉིས་བཟང་ས་རྙིང་པ་ཡིན་པས། ཁོ་གཉིས་ཐུག་འཕྲད་ཅིག་གི་སྐབས་ལྷ་མོ་ངེད་གཉིས་ཀྱི་སྐོར་ཁ་བརྡ་བྱས་ཏེ། ངེད་གཉིས་མཉམ་དུ་མི་ཚེ་བསྐྱལ་དུ་འཇུག་རྒྱུའི་གྲོས་ཐག་བཅད་འདུག ལྷ་མོ་ལ་མཚོན་ན་འདོད་པའི་རྟ་ཕོ་རྒྱུགས་ཡོད་ནའང༌། ང་ལ་མཚོན་ནའང་སེམས་ཀྱི་ན་ཟུག་ཅིག་དང་སྡུག་བསྔལ་ཞིག་ཏུ་གྱུར་ཏེ། ངས་ཕ་རྒན་ལ་དེ་ལྟར་མི་ཆོག་པའི་ཞུ་བ་ཡང་ཡང་བྱས་ཏེ། འུ་གཉིས་ཀྱི་འབྲེལ་བ་དང་རྒྱུ་མཚན་ཚང་མ་བཤད་ཀྱང༌། ངའི་ཕ་རྒན་ནི་གཏུམ་དྲག་ཨུ་ཚུགས་ཅན་ཞིག་ཡིན་པས། ང་ནི་ཅི་བྱ་གཏོལ་མེད་དུ་གྱུར་ཏེ་ཁོའི་ཁ་ལ་མི་འཇོག་ཀ་མེད་བྱུང་སོང༌། ངན་ཁག་ཚང་མ་ངའི་ཐོག་ཏུ་བཞག་ན་ཆོག ཁྱོད་ལ་ནོར་འཁྲུལ་ཅི་ཡང་མེད། ད་ནས་ཁྲེལ་མེད་ཀྱི་བདག་འཕོང་ཕྱིས་ཀྱི་ཤོག་བུ་བཞིན་གཡུགས་ཏེ། ཁྱོད་ཀྱིས་ཀྱང་རང་དང་འོས་འཚམ་གྱི་མི་བཟང་རྒྱུད་དྲང་ཞིག་དང་མཉམ་དུ་མི་ཚེའི་ འཚོ་བ་བསྐྱལ་རྒྱུ་ནི་ངའི་རེ་བ་ཡིན།

ཞེས་ཟླ་ཚེས་བཟང་པོར་ཕུལ།

ལྷ་སྐྱིད་ཀྱིས་ཤུགས་རིང་ཞིག་འཐེན་ཏེ། “ ཁོ་ལ་ཡང་ཁག་མི་འདུག ཡིན་ཡང༌། ཁྱོད་དང་བརྩེ་བ་ཡོད་བཞིན་དུ། བུ་མོ་གཞན་དང་དེ་ལྟར་འདྲིས་པོ་བྱས་ནས・ དེང་སྐབས་ཀྱི་ཕོ་གསར་མང་ཆེ་བ་དེ་འདྲ་རེད་ ,, ཟེར་བཞིན་གཡང་སྒྲོན་གྱི་ལག་མགོར་འཇུས།

དངོས་ གནས་བཀྲ་ཤིས་ལ་ཁག་ཅི་ཡོད། ཁོ་རང་སློབ་འབྲིང་དེར་ཞུགས་ནས་ལོ་འཁོར་གཉིས་ཙམ་འགོར་བའི་དབྱར་ཁའི་གུང་གསེང་ ཞིག་གི་སྐབས་ཕ་རྣམ་རྒྱལ་གྱིས་ཁོ་རང་མདུན་དུ་བོས་ཏེ།

“ ཝེ། བཀྲ་ཤིས། ཁྱོད་རང་སློབ་སྦྱོང་ལ་ཡག་པོ་ཡིན་པ་མི་ཚང་མས་བཤད་ཀྱི་འདུག ཡག་པོ་རེད། མི་ལ་ཤེས་ཡོན་དགོས་པ་རེད། རྗེས་ཕྱོགས་ཀྱི་མི་ཚེ་ལ་ཡང་བསམ་བློ་གཏོང་དགོས་པ་རེད། ཡར་སྟོད་སྡེ་བའི་སྐལ་བཟང་མགོ་ཆེ་ཚང་གི་བུ་མོ་དེ་ཕ་ལ་འདྲ་ན་ཡག་ཐག་ཆོད་ཡོད་པ་ རེད། ,,

བཀྲ་ཤིས་ཀྱི་སེམས་ལ་དངངས་འཚབ་ལངས་ཏེ། “ སུ། སུ་རེད། ,, ཟེར་བཞིན་ཕ་རྒན་གྱི་གདོང་ལ་ཅེར་ནས་བསྡད།

“ ཧུན། ངས་ཤེས་མེད་བསམ་གྱི་ཨེ་ཡོད། ཁྱོད་དང་འཛིན་གྲྭ་གཅིག་པའི་བུ་མོ་ལྷ་མོ་ཟེར་བ་དེ་ཁྱོད་ཀྱི་དགའ་རོགས་མིན་ནམ། དེ་གསང་ནས་ཅི་བྱེད། ངས་ཁྱོད་གཉིས་ཀྱི་འབྲེལ་བ་སྔ་ས་ནས་ཤེས་ཡོད། ཉིན་འགའི་སྔོན་ལ་སྟབས་ལེགས་ནས་སྐལ་བཟང་དང་ངེད་གཉིས་ཐུག་ནས། རྗེས་མ་ཁྱོད་གཉིས་མཉམ་དུ་གཉེན་སྒྲིག་བྱེད་དུ་འཇུག་རྒྱུ་བྱས་ཡོད་ ,, ཟེར།

“ བཀྲ་ཤིས་ཀྱིས། མིན・. ལྷ་མོ་དང་ངེད་གཉིས་ལ་འབྲེལ་བ་མེད། ངེད་གཉིས་གྲོགས་ཀྱི་འབྲེལ་འདྲིས་ཙམ་ལས་གཞན་འབྲེལ་བ་གང་ཡང་མེད། ང་ལ་དགའ་རོགས་གཞན་ཞིག་ཡོད་ ,, ཅེས་གཡང་སྒྲོན་དང་ཁོ་གཉིས་ཀྱི་སྐོར་སྦ་གསང་མེད་པར་བཤད།

“ ད་ བཤད་རྒྱུ་མ་མང༌། སྐལ་བཟང་དང་ངེད་གཉིས་ཀྱིས་ཚང་མ་གྲོས་ཐག་བཅད་པ་ཡིན། བུ་ཕྲུག་གི་གཉེན་སྒྲིག་སྐོར་ཕ་མས་ཐག་གཅོད་མི་བྱེད་ན་སུས་བྱེད་དགོས་པ་རེད། ཕུ་བོ་གཉིས་ཀྱི་གཉེན་སྒྲིག་སྐོར་ཡང་ངས་ཐག་བཅད་པ་ཡིན། ཁྱོད་ལ་རང་འདོད་བྱེད་ས་ཞིག་གང་ན་ཡོད། གལ་སྲིད་ཕ་མའི་ཁ་ལ་མི་ཉན་གང་ལ་འགྲོ་ན་རྒྱུགས། ད་ནས་ཁྱིམ་འདིར་ཡོང་ས་མེད་ ,, ཟེར་ བཞིན། གཙོད་རྭའི་ར་ཙེའི་ནང་ཐ་མ་སྔོ་རྒྱང་རྒྱང་འཐེན་ཞོར། ངོ་མདོག་ཀྱང་ཁྲོ་ཉམས་ཀྱིས་དམར་པོར་གྱུར། བཀྲ་ཤིས་ཅི་བྱ་གཏོལ་མེད་དུ་གྱུར་ཏེ་མཐར་ཕ་རྒན་གྱི་ཁ་ལ་འཇོག་རྒྱུ་སེམས་ཐག་ བཅད་ཟིན།

“ གཡང་སྒྲོན། ད་དེའི་སྐོར་མ་བཤད༌། ངེད་གཉིས་འགྲོ། ཁྱོད་ཀྱང་མོ་རྐྱང་ལ་ལྷག་གི་མ་རེད། ,, ལྷ་སྐྱིད་ཀྱིས་གཡང་སྒྲོན་ལ་དེ་ལྟར་སེམས་གསོ་བྱེད་བཞིན་ལག་པར་འཇུས་ནས་ཡར་བསླངས།

གཡང་ སྒྲོན་གྱིས་ཤུགས་རིང་ནར་ནར་ར་ཞིག་འཐེན་ཞོར། ཚེ་རིང་གིས་བསྐུར་ཡོང་བའི་ཡིག་ཤོག་དུམ་བུ་འགར་གཤགས་ནས་ཤག་ཤག་ཏུ་བཞུར་བའི་ ཆུའི་ནང་དུ་གཡུགས།

ཁོ་ མོ་གཉིས་གོམ་ཁ་ལ་དལ་ལྷོད་ཤོར་བཞིན་ཕ་གིའི་རི་སྡེ་ཆུང་ཆུང་དེའི་ཕྱོགས་སུ་ བསྐྱོད། བསིལ་རླུང་ཡང་མོ་ཞིག་དལ་བར་ལྡང་ཏེ། ཁོ་གཉིས་སོང་ཤུལ་གྱི་རྩ་ལྡུམ་འགའ་ཆུ་ཁར་གཏོར་ཞིང༌། ཆུས་བརླན་ཏེ་ནག་སུབ་ཏུ་འགྲོ་བཞིན་པའི་ཡིག་ཕྲེང་འགའི་སྐྱོ་ངལ་དང་དཀྱུས་གཅིག་ ཏུ་ཆུ་བོའི་གཞུང་ནས་ཐུར་དུ་བསྐྱོད།

གཉིས།

ཕ་བསམ་འགྲུབ་ཀྱིས་ཁ་ཤ་འགུལ་ཙམ་འགུལ་ཙམ་ལག་པའི་ཕྲེང་བ་ཐུར་འདེད་བྱེད་ཞོར། “ ལྷ་སྐྱབས་ཚང་གི་བུ་ཆེ་བ་དོན་ཁོ་ཟེར་བ་དེ། མི་གང་འདྲ་ཞིག་རེད་,, ཟེར་ནས་ཨ་མ་ལྷ་མཚོའི་གདོང་ལ་བལྟས་ཏེ་བསྡད།

“ དོན་ཁོ་ཟེར་ནས། མི་ཤེས། བལྟས་ཚོད་ཀྱིས་མི་བཟང་ཡ་རབས་ཤིག་རེད་བསམ་གི ཁོའི་ཕ་མ་གཉིས་དང་འདྲ་ན་བཤད་ཀྱི་ཅི་ཡོད། ,, ཨ་མ་ལྷ་འཚོས་དེ་ལྟར་བཤད་དེ་བསམ་འགྲུབ་ཀྱིས་ཅི་ཟེར་ལ་ཉན་ནས་བསྡད།

“ ཨོ་ ལེ། མི་དྲང་མོ་ཡ་རབས་ཞིག་ད་རེད། ལྷ་སྐྱབས་ཀྱིས་འུ་ཚང་གི་གཡང་སྒྲོན་སྔོན་ཞིག་ནས་ཁོ་ཚང་ལ་མནའ་མར་བསླངས་ཡོད། དེ་དུས་ངས་བུ་མོ་མོ་རང་གི་འདོད་པར་བསྟུན་རྒྱུ་ཡིན་ཟེར་ནས་ཁོ་ལ་བྱིན་མེད། ཁ་སང་ཡང་・,, སྐབས་དེར་སྦྲའི་ཕྱི་སྒོ་ནས། “ ཨ་མ། ངའི་རྒྱབ་ཀྱི་ཆུ་འདི་ལེན་རོགས།,, གཡང་སྒྲོན་གྱིས་བོས། རྒན་རྒོན་གཉིས་ཁུ་སིམ་མེར་གྱུར། ཨ་མ་ལྷ་མཚོས་ལྕེ་སྣུར་ཞིག་བྱས་ཏེ། “ ཨ་མས་ཡ་ཡ། ཡོང་གི་ཡོད་ ,, ཟེར་བཞིན་སྒོར་བུད།

གསུམ།

གྲོང་ སྡེ་ཧྲིལ་པོ་ལྗང་ཐང་ངེ་དབྱར་ཁའི་སྨུག་ཞགས་ཁྲོད་ཆར་བ་ཟིམ་ཟིམ་ཞིག་འབབ་ཀྱིན་ འདུག བཀྲ་ཤིས་དང་གཡང་སྒྲོན་གཉིས་ཀྱི་འབྲེལ་ཐག་བཅད་དེ་ཁ་གྱེས་ནས་ལོ་ངོ་ཧྲིལ་པོ་ གཅིག་ཙམ་འགོར། ཚེ་རིང་སློབ་འབྲིང་ལས་སློབ་མཐར་ཕྱིན་ཅིང་སློབ་གྲྭ་ཆེན་མོར་ཡང་ཡིག་རྒྱུགས་ ལེགས་སོན་བྱུང་ཏེ། དེ་རིང་ནི་སློབ་གྲྭ་ཆེན་མོར་བསྐྱོད་པའི་ཉིན་མོ་ཡིན། ཁོ་དང་ལག་རྡང་སྦྲེལ་བའི་གཞོན་ནུ་མ་དེ་ནི་ལྷ་མོ་ཡིན་ལ། ཁོ་མོས་སློབ་གྲྭ་ཆེན་མོར་རྒྱུགས་མ་འཕྲོད་ཀྱང་གྲོང་ཁྱེར་གཞན་ཞིག་ཏུ་སློབ་ སྦྱོང་ལ་འགྲོ་རྒྱུའི་གོ་སྐབས་རེག་ཡོད།

“ ང་ལ་རྒྱུན་དུ་ཡི་གེ་བསྐུར་རྒྱུ་མ་བརྗེད་ཨཱ། ,, ལྷ་མོ་བཀྲ་ཤིས་ཀྱི་ལག་པར་འཇུས་ནས་དེ་ལྟར་ལབ། བཀྲ་ཤིས་ཀྱིས་ལྷ་མོ་ཚུར་འཁྲིས་སུ་འཐེན་ཙམ་བྱས་ཏེ། ལག་པ་གཡོན་པ་ཁོ་མོའི་རྒྱབ་ལ་མཁྱུད་དེ། “ ངས་ཁྱོད་ནམ་ཡང་མི་བརྗེད། ཁྱོད་འགྲོ་སའི་གྲོང་ཁྱེར་དེར་འཁྱམ་པོ་ལྡོམ་པོ་མང་རབ་ཟེར། གང་བྱུང་དུ་འཁྱམ་ཉུལ་མ་བྱེད་ཨཱ། ,, ཟེར་བཞིན་སྲང་ལམ་ཟུར་གྱི་རྡོ་སྟེགས་སྟེང་བརྩེ་བས་བཟི་བའི་ཁོ་གཉིས་དཔུང་པ་མཉམ་གཤིབ་ཏུ་བསྡད།

“ ཨོ་ཡ། སྤྱི་སྤྱོད་རླངས་འཁོར་སླེབས་སོང༌། ,, བཀྲ་ ཤིས་ཀྱིས་རྒྱབ་ཁུག་ནག་པོ་དེ་ཕྲག་པར་ཁུར། ལྷ་མོས་ཀྱང་བཀྲ་ཤིས་ཀྱི་ཅ་ལག་གཞན་དག་ཁྱེར་ནས་རླངས་འཁོར་ནང་སྐྱེལ་མ་བྱས། ཁོ་མོ་ཁ་ཕྱིར་འཁོར་ནས་རླངས་འཁོར་གྱི་འཛེག་སྟེགས་ལས་མར་འབབ་དུས། བྲལ་ཁའི་སྐྱོ་གདུང་གིས་རང་དབང་མེད་པར་བཞུར་བའི་མིག་ཆུའི་ཕྲེང་བ་འགྲམ་ཟུར་ ནས་ཤར་མར་མཆོང་སྟེ། རྒྱ་སྐྱགས་ཀྱིས་བཟོས་པའི་གཞུང་ལམ་ངོས་ལ་བརླན་ཐིགས་ཀྱི་རི་མོ་སྒོར་སྒོར་འགའ་ ཕབ། རླངས་འཁོར་ལྡིར་སྒྲ་དང་བཅས་འགྲོ་མགོ་བརྩམས། ཁོ་མོ་བཀྲ་ཤིས་ལ་དུང་སེམས་དང་ཞེན་ཆགས་ཀྱིས་ཕྱི་མིག་ཅིག་བལྟས་བ་ན། རླངས་འཁོར་ནང་གི་མགྲོན་པོ་རྣམས་རང་རང་གི་རྐུབ་སྟེགས་སྟེང་སྔ་ས་ནས་བསྡད་ཚར་ བའི་གྲལ་བར་ན། བཀྲ་ཤིས་ཀྲོང་ངེར་ལངས་ཏེ། སྒེའུ་ཁུང་ལས་ཁོ་མོར་ལག་བརྡ་ཡང་ཡང་གཏོང་བཞིན་རྒྱང་ནས་རྒྱང་དུ་ཡལ།

བཞི།

“ ཝེ། བཀྲ་ཤིས། ཁྱོད་ལ་ཡི་གེ་ཞིག་སླེབས་འདུག ,, སློབ་ གྲོགས་མགོན་པོས་ཡིག་སྐོག་སྔོ་ཁྲ་ཅན་གྱི་ཡི་གེ་ཞིག་ཁྱེར་ཡོང་ནས་བཀྲ་ཤིས་ལ་ སྤྲད། ཡིག་ཤུབ་རྒྱབ་ཀྱི་ཡིག་གཟུགས་ལས་ལྷ་མོས་བསྐུར་ཡོང་བའི་ཡི་གེ་ཡིན་པ་ཤེས།

བཀྲ་ ཤིས་སློབ་གྲྭ་ཆེན་མོ་འདིར་སླེབས་ནས་ལོ་གཅིག་དང་ཕྱེད་ཙམ་འགོར་ཡོད་ལ། ལྷ་མོས་ཡི་གེ་ཐེངས་གཉིས་ལ་བསྐུར་ཡོང་བ་དང༌། ད་རེས་ཀྱི་ཡི་གེ་འདི་ནི་ལྷ་མོས་བསྐུར་བའི་ཡིག་ཐེངས་གསུམ་པ་ཡིན།

བརྩོན་འགྲུས་སྙིང་སྟོབས་ཀྱི་གོ་ཆ་བགོས་ཏེ་ལྔ་རིག་ཤེས་བྱའི་བདུད་རྩི་གཞིབ་པའི་རྩེད་གྲོགས་བཀྲ་ཤིས་ཀྱི་ལག་སོར་ག་ལ་བར།

ཉེ་ ལམ་བདེ་མོ་ཡིན་ནམ། ཁྱེད་ཀྱིས་ལྷོད་མེད་རྣམ་དཔྱོད་ཡངས་པོས་ཤེས་བྱའི་ཐང་ཆེན་དུ་འགྲིམ་ཏེ། མ་འོངས་པར་འོད་སྟོང་འཕྲོ་བའི་བྱས་རྗེས་རླབས་པོ་ཆེ་ཞིག་གི་ལམ་སྣེ་འདྲེན་པར་ ང་ལ་ཡིད་ཆེས་དང་རེ་སྨོན་ཡོད། ཁོ་མོ་ཡང་བདེ་འཚམས་ཡིན། ཡིན་ནའང༌། འདིར་སློབ་སྦྱོང་ནི་ཕྱུགས་རིགས་གསོ་སྐྱོང་གི་འཕྲོད་བསྟེན་ལག་ལེན་སྐོར་ཡིན་ པ་ཁྱོད་ཀྱིས་ཤེས་གསལ་རེད། བསམ་བློ་ཞིག་བཏང་ན་སློབ་སྦྱོང་འདིའི་ཐད་ནས་མ་འོངས་པར་མདུན་ལམ་བསྒྲུབ་རྒྱུ་ ནི་ཁོ་མོར་མཚོན་ན་ཁག་པོ་རེད། དེའི་ཕྱིར་ཁོ་མོ་འདིར་འདུག་འདོད་ཀྱི་ཡི་ག་གཏིང་ནས་ལོག་སྟེ་ས་ཆ་གཞན་ཞིག་ཏུ་ འགྲོ་རྩིས་ཡོད། འདུས་པ་ཡོད་ན་བྲལ་བ་ཡོད་ལོས་ཆོག ལས་དབང་ཞིག་གིས་ཁོ་མོ་ཁམས་ཕྱོགས་ཀྱི་ཚོང་བ་ཞིག་དང་འབྲེལ་འདྲིས་བྱུང་ཏེ། ཉིན་འགའི་རྗེས་ནས་ཁོ་དང་མཉམ་དུ་ལྷ་སར་ཚོང་ལས་བྱེད་དུ་འགྲོ་རྒྱུ་བྱས་ཡོད། སྐད་ཆ་འདི་གོ་བ་དང་ཁྱོད་རང་ཁོང་ཁྲོ་ལངས་པ་ཐག་གིས་ཆོད། ཡིན་ནའང༌། དགོངས་འགལ་མེད་པར་ཞུ་ཟེར་རྒྱུ་ལས་ཐབས་གཞན་མི་འདུག ཁྱོད་ལྟ་བུའི་སློབ་གྲྭ་ཆེན་མོ་བ་ཞིག་ལ་ཕྱོགས་གང་ཐད་ནས་དཀའ་ཁག་ཅི་ཡོད། ང་ལྟ་བུ་ཞིག་གང་ནས་ཀྱང་བཙལ་ཆོག་ཆོག་ཡིན་ནི་རེད། མ་གཞི་ནས་ཁྱོད་ཀྱི་ཕ་རྒན་དང་ངའི་ཕ་རྒན་གཉིས་ཀྱིས་འུ་གཉིས་གཉེན་སྒྲིག་བྱེད་ དུ་འཇུག་རྒྱུའི་གྲོས་ཐག་བཅད་པ་དེ་སྔ་དྲགས་པ་རེད། ང་ཚོ་ནི་དེང་རབས་དང་དུས་རབས་གསར་པའི་ན་གཞོན་ཡིན་པས་གཉེན་སྒྲིག་ནི་རང་དབང་ རང་འཐད་རེད། དེ་རུ་ཁྱོད་ཀྱི་གནས་སྟངས་དང་ངའི་ཕྱོགས་ལ་བརྩེ་བ་ཇི་ལྟར་བཅིངས་ཡོད་པ་ངས་ཤེས་ ཡོད། ད་མང་པོ་མི་བཤད། ད་ནས་བཟུང་དུས་གཏན་དུ་བདེ་མོ་བྱོས།

ལྷ་མོ་ནས་ཟླ་ཚེས་ལ།

བཀྲ་ ཤིས་མགོ་རྟིང་མེད་པར་ལུས་ཡོངས་ཚ་བེར་བེར་གྱུར་ཏེ་སྐྱོ་བ་དང་སྡང་སེམས་འདྲེས་ མའི་སྙིང་དྲག་ཏུ་འཕར་བཞིན། ཅི་ཡང་མི་སྨྲ་བར་ཉལ་ཁང་གི་ཕྱི་རོལ་དུ་བསྐྱོད་དེ། འགྲོ་ཞོར་སྨྲེང་ཞོར། “ ཨ་ ཕ། ཁྱོད་ཀྱིས་ངའི་ཡོད་ཚད་འཕྲོ་བརླག་ཏུ་བཏང་བ་རེད། སྔོན་ཆད་ངའི་སྙིང་ནས་བརྩེ་བའི་གཡང་སྒྲོན་དང་ངེད་གཉིས་ཁྱོད་ཀྱིས་བཙན་དབང་དང་ ཨུ་ཚུགས་བརྒྱབ་སྟེ་ཁ་ཁར་བཏང༌། ངས་ཁོ་མོར་ཁྲེལ་མེད་ཀྱི་ལས་དེ་འདྲ་བྱས། ཁྱོད་ ཀྱིས་གོ་སྒྲིག་བྱས་པའི་མཇུག་འབྲས་དེ་རིང་ལྷང་ལ་བུད་འདུག ད་ནས་བཟུང་ཁྱོད་ཀྱིས་ངའི་མདུན་ལ་ཁ་ཡ་བྱེད་མི་དགོས་ལ། ངས་ཀྱང་ཁྱོད་ཀྱི་ཅི་བཤད་ལ་གཏན་ནས་མི་ཉན་མི་སྲིད། ,, བཀྲ་ ཤིས་ཀྱིས་དེ་ལྟར་བསམ་གཞིགས་ཀྱི་ཀློང་ནས་ཕ་རྒན་ལ་ལེ་བདའ་དང་འཁང་ར་བྱེད་བཞིན། ཆུང་དུས་ཀྱི་མིག་ཆུའི་ལྷག་འཕྲོ་རླུང་བུ་གྲང་མོ་ཞིག་དང་འགྲོགས་ཏེ་འགྲམ་ཟུར་ ནས་འཁྱག་སིབ་སིབ་བཞུར།

བཀྲ་ཤིས་ཀྱིས་ལྷ་མོའི་ཡི་གེ་དེ་ལས་འགྲེལ་མ་ཕོག་པའི་ཡིག་ཕྲེང་འགའ་ཡང་དང་བསྐྱར་ཏུ་ཀློག “དེ་རུ་ཁྱོད་ཀྱི་གནས་སྟངས་དང་ངའི་ཕྱོགས་ལ་བརྩེ་བ་ཇི་ལྟར་བཅངས་ཡོད་པ་ངས་ཤེས་ཡོད།”

དངོས་ ནས་བཤད་ན་བཀྲ་ཤིས་ཀྱིས་ལྷ་མོར་བཅངས་པའི་བརྩེ་བ་ལ་ལྷད་མེད། ཡིན་ནའང༌། འདིར་ཡང་འཛིན་གྲྭ་གཅིག་པའི་བུ་མོ་འགའ་རེ་དང་མཉམ་འགྲོ་མཉམ་འདུག་གི་འབྲེལ་ འདྲིས་ཆེ། བཀྲ་ཤིས་ཀྱི་གཤིས་ཀ་ནི་མི་ལ་འབྲེལ་འདྲིས་བྱེད་རྒྱུར་དགའ་བ་དང༌། མ་ཟད་ཚུར་ཁོ་རང་ལ་སྙིང་ཉེ་བྱེད་མཁན་ལ་ཕར་ཡང་དེ་ཙམ་གྱི་འབྲེལ་འདྲིས་གཏིང་ཟབ་ བྱེད་མཁན་ཞིག་ཡིན། ད་རེས་ལྷ་མོ་དང་ཁོ་གཉིས་ཀྱི་འབྲེལ་བ་ཆད་པ་དེ་ཡང༌། སེམས་ཅན་གྱི་ཁ་སངས་རྒྱས་ཀྱིས་མི་ཁོག་ཟེར་བའི་དཔེ་ལྟར། མི་ཁ་ཞིག་བརྒྱུད་ནས་ལྷ་མོས་དོན་མེད་ཀྱི་སྐད་ཆ་འགའ་ཐོས་ཡོད་པ་འདྲ། གང་ལྟར་ལྷ་མོས་བཤད་པའི་སྐད་ཆ་དེ་ཁོས་ཀྱང་ཇི་ལྟར་འགྲེལ་དགོས་མི་ཤེས།

ཉིན་ འདི་ནས་བཟུང་བཀྲ་ཤིས་ཀྱི་སེམས་ལ་སྐྱོ་ངལ་གྱི་རི་བོས་མནན་ཏེ། དཀར་ལ་དམར་པའི་ཞལ་མདངས་ཅན་གྱི་གསར་བུ་སྙིང་རྗེ་བོ་དེ། ད་ཆ་ལུས་སྟོབས་ཟད་ཅིང་ཤ་རིད་དུ་གྱུར་པར་བལྟས་ནས་དྲག་ཐབས་མེད་པའི་ནད་གཞི་ ཚབས་ཆེན་ཞིག་གིས་མནར་བ་དང་མཚུངས། ནམ་རྒྱུན་ཡིད་ཀྱི་དྲན་ངོར་འཆར་བ་ནི་སྔོན་ཆད་གཡང་སྒྲོན་དང་ཁོ་གཉིས་ཀྱི་བརྩེ་ འདང་གི་ལོ་ཟླ་ཡིན་ལ། ད་དུང་རེ་བ་ཞིག་བཟུང་ནས་ཐེ་ཚོམ་གྱིས་ཐག་མ་ཆོད་པར་ཡོད་པ་ནི། ད་སྐབས་གཡང་སྒྲོན་གྱིས་ཅི་ཞིག་བྱེད་ཀྱིན་ཡོད་པ་དང༌། ཁོ་མོ་མི་གཞན་གྱི་མནའ་མར་སོང་ཡོད་མེད་དེ་ཡིན།

ལྔ།

གཡང་ སྒྲོན་གྱིས་ཕྱུ་པའི་ཕུ་ཐུང་གཉིས་ལྟག་རྒྱབ་ནས་སྣོལ་མར་བསྡམས་ཏེ། ནོར་ལྷས་ན་སྣ་ལམ་ལ་ལྕི་དྲི་འཐུལ་ལེར་ལྕི་འབུ་ཚོའི་ཟིར་སྒྲའི་ཁྲོད་ལྕི་ཕུད་ ཀྱི་ལས་ལ་རོལ་བཞིན་འདུག སྐབས་དེར་མདུན་ཕྱོགས་ཀྱི་རྒྱ་ལམ་སྟེང་སྤྱི་སྤྱོད་རླངས་འཁོར་ཞིག་བསྡད་དེ། དེང་རབས་ཀྱི་ལྭ་གསར་གྱོན་པའི་ཕོ་གསར་ཞིག་མར་བབས་ཏེ། རུ་ཞོལ་གྱི་སངས་ཁོ་སྣ་ཉག་ཚང་དང་ཁ་གཏད་དེ་སོང༌། གཡང་སྒྲོན་གྱིས་མི་དེ་སུ་ཡིན་མིན་གྱི་བསམ་བློ་གཏོང་སྐབས། གཞི་ནས་གཞེས་ནིང་ལོར་སློབ་གྲྭ་ཆེན་མོར་སོང་བའི་སངས་ཁོ་ཚང་གི་རིག་ལྡན་ཡིན་པ་ ཤེས། བསམ་གཞིགས་དེའི་རྒྱ་ལས་གྲོལ་མ་ཐག སྔོན་དུས་ཀྱི་རྩེད་གྲོགས་བཀྲ་ཤིས་ཡིད་ལ་འཁོར། “ བཀྲ་ཤིས། ཁོ་ཡང་སློབ་གྲྭ་ཆེན་མོ་ལས་གུང་གསེང་ལ་ཕྱིར་རང་ཁྱིམ་དུ་སླེབས་ཡོད་ཀྱི་རེད། སྔོན་ཆད་ཁོ་ང་ལ་བརྩེ་འདང་དངོས་ནས་ཡོད། ….. ཁོའི་ཕ་རྒན་དང་ལྷ་མོ་ཟེར་བ་དེ་གཉིས་མིན་ན། ངེད་གཉིས་འདི་ལྟར་ཁ་ཁ་ཆགས་མེད་ ,,སེམས་བཞིན་ལྷས་དཀྱིལ་ནས་ཡུད་ཙམ་ལ་བསམ་གཞིགས་ཀྱི་ཀློང་དུ་ཉུལ་ནས་ཧད་དེ་ལུས། སྐབས་དེར་སྦྲའི་ནང་ནས། “ ཨངའ། ཨངའ・..,, བྱིས་པ་ལོ་གཅིག་ཞིག་གིས་ཨག་སྐད་བརྒྱབ། དོན་ ཁོས་བྱིས་པ་དེ་པང་དུ་ཉར་ནས་གདོང་ལ་འོ་རེ་བྱེད་བཞིན་སྦྲ་སྒོར་བུད། གཡང་སྒྲོན་གྱིས་ལག་མགོར་འབྱར་བའི་ལྕི་བ་སྤྲུགས་སྤྲུགས་བྱེད་བཞིན་ལྷས་འགྲམ་ གྱི་སྤང་རྩའི་ཐོག་ལག་པ་ཕྱིས་རྗེས་ཁོ་གཉིས་ཀྱི་གམ་དུ་སོང༌།

གྲོང་ སྡེ་འདིའི་བུད་མེད་འགའ་རེས་ལྷས་ར་ལྕི་ཕུད་ཀྱི་ལས་ལ་རོལ་བ་དང༌། འགའ་རེས་སྦྲའི་སྒོ་འགྲམ་དུ་འོ་མ་དཀྲོགས་བཞིན་འདུག བྱང་ངོས་ན་ཆར་སྤྲིན་གྱིས་དྲིལ་ལོག་རྒྱག་བཞིན་ནམ་མཁའ་ཧྲིལ་པོའི་ངོ་གདོང་ ཡོངས་སུ་སྒྲིབ་ལ་ཉེ། “ ད་ཆར་བ་འབབ་ས་རེད། ཨ་མའི་གཅེས་ཕྲུག་ཤོག་ནུ་མ་ཅུང་ནུས་ཏེ་ཨ་ཕ་དང་མཉམ་དུ་སྡོད། ཨ་མ་ད་དུང་ལས་ཀ་ཡོད་ ,, ཟེར་བཞིན་གཡང་སྒྲོན་གྱིས་བུ་ཕྲུག་ནམ་མཁའ་ཚུར་པང་དུ་བླངས།

གློ་ བུར་དུ་འབྲུག་སྒྲ་ཞིག་ལྡིར་ལྡིར་གྱིས་གྲག་ཅིང་རྒྱང་རིང་ནས་གློག་འོད་དམར་ འཚུབ་འཚུབ་འཁྱུགས། གར་ཡོང་མི་ཤེས་པའི་བསེར་བུ་ཞིག་ཀྱང་ཅུང་དྲག་རྩུབ་ཀྱིས་གཡུགས ལས་ཀར་རོལ་བའི་བུད་མེད་རྣམས་སྔར་ལས་བྲེལ་ཟིང་ཟིང་དུ་གྱུར་ཏེ། ཁུ་སིམ་གྱི་གྲོང་སྡེ་འདིའི་ལྷིང་འཇགས་ཁད་ཀྱིས་དཀྲོགས།

Leave a Reply