རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་ངོ་སྤྲོད་མདོར་བསྡུས།
(A Brief Introduction of International PEN Center)

དང་པོ། རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་ལ་International PEN ཞེས་འདོགས་དོན།

ཐོག་མར་པེན་PEN(Poets, Essayists, Novelists) ཞེས་པའི་མིང་འདིའི་གོ་དོན་དང་ཁྱབ་ཁོངས་སྐོར་ནས་བཤད་ན། པེན་ཞེས་པ་འདི་ནི་རྩོམ་པ་པོའི་ཚོགས་སྡེ་འདིའི་སྤྱི་མིང་ཙམ་དུ་བཏགས་པ་ཡིན་ལ། ཐོག་མའི་དུས་སུ་དེའི་ཁྱབ་ཁོངས་སུ་ ‘P’ སྙན་ངག་པ་དང་། ‘E’ ལྷུག་རྩོམ་འབྲི་མཁན། ‘N’ བརྩམས་སྒྲུང་འབྲི་མཁན་བཅས་འདུ་བའི་ཚོགས་སྡེ་ཞིག་ཡིན་པར་བསྒྲགས་མོད། ཕྱིས་སུ་དེའི་ཁྱབ་ཁོངས་རྒྱ་ཆེ་རུ་བཏང་སྟེ་སྙན་ངག་པ་དང་། འཁྲབ་གཞུང་རྩོམ་མཁན། རྩོམ་སྒྲིག་གི་ལས་ཅི་རིགས་གཉེར་མཁན། ལྷུག་རྩོམ་འབྲི་མཁན། བརྩམས་སྒྲུང་འབྲི་མཁན་བཅས་ཚུད་པའི་རྩོམ་པ་པོའི་ཚོགས་སྡེ་ཞིག་ཏུ་གྱུར། དེ་རྗེས་འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པ་རིམ་པར་བྱུང་བས་མིའི་རིགས་ཀྱི་སྤྱི་ཚོགས་ཡོངས་ལ་དཀའ་ངལ་རབ་དང་རིམ་པ་འཕྲད་པར་རྩོམ་པ་པོའི་དཔུང་ཁག་ངོས་ནས་འགན་ཁུར་ཏེ་འཛམ་གླིང་ནང་རང་དབང་དང་ཞི་བདེ་ཡོང་ཐབས་སུ་འབད་དགོས་པའི་བསམ་ཚུལ་བྱུང་སྟེ་འཛམ་གླིང་ཡུལ་གྲུ་གང་སར་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཁོངས་གཏོགས་ཚོགས་སྡེ་གང་མང་གསར་འཛུགས་ཡོང་ཐབས་སོགས་བྱས་ཏེ་ཚོགས་སྡེ་འདི་ཐོག་མའི་རྣམ་པ་ལས་རྒྱ་ཇེ་ཆེར་བསྐྱེད་པ་རེད།

གཉིས། རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་བྱུང་རིམ་ངོ་སྤྲོད།

རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་འདི་ནི་ཕྱི་ལོ་༡༩༢༡ ལོར་ཨིན་ཡུལ་གྱི་གྲོང་ཁྱེར་ལོན་ཊོན་དུ་ཐོག་མར་བཙུགས་ཤིང་། དེ་ལྟར་གསར་འཛུགས་མཛད་ནས་ལོ་ངོ་བཞི་ཙམ་གྱི་ནང་ཡོ་རོབ་གླིང་དུ་ཁོངས་གཏོགས་ཚོགས་སྡེ་༢༥ བྱུང་། ཕྱི་ལོ་༡༩༣༡ ལོར་ལྷོ་ཨ་རི་དང་རྒྱ་ནག་སོགས་སུའང་ཁོངས་གཏོགས་ཚོགས་སྡེ་བཙུགས། དེ་རྗེས་རིམ་བཞིན་འཛམ་གླིང་ནང་རྒྱལ་ཁབ་ཕན་ཚུན་དམག་འཁྲུག་དང་འཁོན་འཛིན་ཇེ་ཆེར་སོང་སྟེ་ཕྱི་ལོ་༡༩༣༩ ལོའི་དམག་འཁྲུག་མ་བྱུང་གོང་ཨར་རྗེན་ཊི་ན་ Argentina དང་ཨོ་སུ་ཁྲོ་ལི་ཡ་ Australia བྷོ་ལི་ཝི་ཡ་ Bolivia བྷ་ར་ཛིལ་Brazil ཁེ་ན་ཌ་Canada ཅི་ལེ་Chile གོ་ལོམ་བྷི་ཡ་Colombia ཨེ་ཅིབ་Egypt རྒྱ་གར་India ཨི་རག་Iraq ཉི་ཧོང་Japan མེག་སི་གོ་Mexico ནེའུ་ཛི་ལན་ཌི་New Zealand པ་ལེ་ས་ཐན་Palestine ཡོ་རོ་གྷ་ཡེ་Uruguay ཨ་རི US སོགས་དང་། གཞན་ཡང་ཡོ་རོབ་བྱང་ཁུལ་དང་ཡོ་རོབ་ཤར་ཁུལ་དུའང་རྒྱལ་ཁབ་ཁག་གི་ནང་ཁོངས་གཏོངས་ཚོགས་སྡེ་མང་པོ་བཙུགས་ཡོད། འདི་ལྟར་ལོ་ངོ་བརྒྱད་ཅུ་འདས་པའི་དེང་སྐབས་སྐད་ཡིག་དང་རིག་གཞུང་མི་འདྲ་བའི་འཛམ་གླིང་རྒྱལ་ཁབ་༡༡༤ ཡི་ནང་དུ་རྒྱལ་སྤྱིའི་རྩོམ་པ་པོའི་ཁོངས་གཏོགས་ཀྱི་ཚོགས་སྡེ་༡༤༥ ཚུགས་ཡོད། ད་བར་རྒྱལ་ཁབ་འདྲ་མིན་ནང་རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་༧༨ འཚོགས་ཡོད་པ་དང་། ཚོགས་ཆེན་ཐེངས་བདུན་ཅུ་དོན་བརྒྱད་པ་དེ་ནི་ཕྱི་ལོ་༢༠༡༢ ཟླ༩ ཚེས་༩ ནས་ཚེས་༡༤་བར་ལྷོ་ཀོ་རི་ཡ་རུ་འཚོགས་ཡོད།

དེ་བཞིན་རྒྱལ་སྤྱིའི་རྩོམ་པ་པོའི་ཚོགས་སྡེ་འདི་ནི་འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱེད་པའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཐོག་མ་ཡིན་ལ། སྨྲ་བརྗོད་རང་དབང་དང་རྩོམ་རིགས་གཉིས་ནི་ཁ་འབྲལ་ཐབས་མེད་པ་ཞིག་ཡིན་པར་ངོས་འཛིན་བྱེད་མཁན་གྱི་ཚོགས་པ་ཐོག་མ་དང་། རྒྱལ་སྤྱིའི་རང་བཞིན་ལྡན་པའི་རྩོམ་པ་པོའི་ཚོགས་སྡེ་ཐོག་མ་དེ་ཆགས་ཡོད།

རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་འདིས་འཛམ་གླིང་དམག་ཆེན་དང་པོའི་རྗེས་དང་། འཛམ་གླིང་དམག་ཆེན་གཉིས་པའི་སྐབས། གྲང་དམག་གམ་འཛམ་གླིང་རྒྱལ་ཁབ་ཕན་ཚུན་སྲིད་དོན་ལྟ་གྲུབ་ཀྱི་འགལ་ཟླའི་ཁྲོད་ཤོག་ཁག་བསྒྲིགས་ཏེ་འཁོན་འཛིན་བྱེད་པའི་ལོ་ཟླ་དང། ཨུ་རུ་སུ་ཁ་འཐོར་དུ་གྱུར་བའི་དུས་རིམ། དེ་བཞིན་འཛམ་གླིང་གི་མི་རིགས་ཆ་ཚང་ཁ་ཐག་ཇེ་ཉེ་དང་མཛའ་འབྲེལ་ཇེ་ཟབ་ཏུ་སོང་བའི་ཁ་སང་དེ་རིང་གི་དུས་སྐབས་བར་དཀའ་སྤྱད་འབད་བརྩོན་གྱིས་གདོང་ལེན་བྱ་དགོས་པའི་དུས་རིམ་མང་པོ་བརྒྱུད་ཡོད་པ་དང་། བརྒྱུད་རིམ་འདིའི་ཁྲོད་རྣམ་དཔྱོད་འགྲན་ཟླ་བྲལ་བའི་རྩོམ་པ་པོ་ཚོས་མིའི་རིགས་ཀྱི་ཉེ་རབས་ལོ་རྒྱུས་ནང་རང་དབང་དང་ཞི་བདེ་འཐོབ་ཐབས་སུ་གཟེངས་སུ་ཐོན་པའི་བྱས་རྗེས་བཞག་ཡོད།

གསུམ་པ། རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཁྱབ་ཁོངས་སུ་བཀར་བའི་སྡེ་ཚན་གཙོ་བོ་ཁག

(The Main Committees of PEN International)

༡༽ བཙོན་དུ་ཚུད་པའི་རྩོམ་པ་པོའི་སྡེ་ཚན། (Writers in Prison Committee)

བཙོན་དུ་ཚུད་པའི་རྩོམ་པ་པོའི་སྡེ་ཚན་འདི་ནི་རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཁྱབ་ཁོངས་སུ་སྡེ་ཚན་གཙོ་བོ་བཞི་ཡོད་པའི་ནང་གི་གཅིག་ཡིན་པ་དང་། སྡེ་ཚན་འདི་ཕྱི་ལོ་༡༩༦༠ ལོར་བཙུགས། སྡེ་ཚན་འདིའི་ངོས་ནས་འཛམ་གླིང་ནང་རང་དབང་དང་དྲང་བདེན་གྱི་སླད་དུ་འཐབ་རྩོད་བྱེད་པའི་རྩོམ་པ་པོ་དང་གསར་འགོད་པ་མང་པོ་ཞིག་ལ་སྲིད་གཞུང་སོགས་ཀྱིས་དྲག་གནོན་དང་བཙོན་འཇུག་བྱེད་པར་སྲུང་སྐྱོབ་ཡོང་ཐབས་ཅི་དགེ་གནང་གི་ཡོད། དེང་སྐབས་སྡེ་ཚན་འདིའི་ངོས་ནས་ལོ་རེར་རྩོམ་པ་པོ་དང་གསར་འགོད་པའི་རང་དབང་དང་འབྲེལ་བའི་གནད་དོན་༧༠༠ ནས་༩༠༠ བར་ཐག་གཅོད་གང་ལེགས་ཡོང་ཐབས་ལ་འབད་བཞིན་ཡོད།

༢༽ བུད་མེད་རྩོམ་པ་པོའི་སྡེ་ཚན། (Women Writers Committee)

བུད་མེད་རྩོམ་པ་པོའི་སྡེ་ཚན་ནི་ཕྱི་ལོ་༡༩༩༡ ལོར་བཙུགས་ཤིང་། སྡེ་ཚན་འདིའི་ངོས་ནས་འཛམ་གླིང་ནང་བུད་མེད་རྣམས་ཀྱིས་རྩོམ་རིགས་འབྲི་བ་དང་། ཤེས་ཡོན་སྦྱོང་བ་སོགས་ཀྱི་གནད་དོན་ཐད་ཁྱིམ་ཚང་དང་སྤྱི་ཚོགས་ཀྱི་རིམ་པ་སོ་སོར་འདྲ་མཉམ་མིན་པའི་དཀའ་ངལ་གང་ཡོད་སེལ་ཐབས་དང་། བུད་མེད་ཚོས་རྩོམ་རིགས་ལ་དོ་སྣང་ཡོང་ཐབས་ཅི་དགེའི་ལས་གཞི་སྣ་ཚོགས་སྤེལ་ཐབས་ལ་འབད་ཀྱི་ཡོད།

སྡེ་ཚན་འདིའི་ངོས་ནས་རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཁོངས་གཏོངས་ཚོགས་སྡེ་ཁག་དང་མཉམ་འབྲེལ་གྱིས་ཚོགས་པ་གཞན་དང་། དེ་བཞིན་བཙོན་དུ་ཚུད་པའི་རྩོམ་པ་པོའི་སྡེ་ཚན་སོགས་དང་ལྷན་དུ་དཀའ་ངལ་ལ་འཕྲད་པའི་བུད་མེད་རྩོམ་པ་པོ་ཚོར་སྲུང་སྐྱོབ་དང་རྒྱབ་སྐྱོར་འཐོབ་ཐབས་བྱེད་ཀྱི་ཡོད།

གོ་སྐབས་ནམ་ཡོད་ལ་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་བུད་མེད་ཀྱི་གནས་བབ་ཐད་བགྲོ་གླེང་བྱེད་སྐབས་དང་བསྟུན་ནས་སྡེ་ཚན་གྱི་འཐུས་མི་ངོ་བཅར་གྱིས་བུད་མེད་ཀྱི་གནས་བབ་སྐོར་སྙན་གསེང་ཞུ་ཐབས་བྱེད་ཀྱི་ཡོད་ལ། བལ་ཡུལ་དང་། ཀིར་གྷི་ས་ཐན་(Kyrgyzstan)སོགས་སུ་ཚོགས་ཆེན་བསྐངས་ཏེ་ཡིག་ཆ་འགྲེམས་སྤེལ་བྱེད་ཀྱི་ཡོད།

༣༽ ཞི་བདེར་ཕྱོགས་པའི་རྩོམ་པ་པོའི་སྡེ་ཚན། (Writers for Peace Committee)

ཞི་བདེར་ཕྱོགས་པའི་རྩོམ་པ་པོའི་སྡེ་ཚན་འདི་ནི་ཕྱི་ལོ་༡༩༨༤ ལོར་བཙུགས། འཛམ་གླིང་ནང་ཤར་ནུབ་བར་འཁོན་འཛིན་བྱེད་པའི་དམག་འཁྲུག་གི་དུས་སྐབས་སུ། མིའི་རིགས་ཀྱི་སྤྱི་ཚོགས་ནང་ཕན་ཚུན་འབྲེལ་འདྲིས་དང་མཉམ་གནས་ཀྱི་བསམ་བློ་གཏོང་ཐབས་བྲལ་བའི་གནས་སུ་གྱར། འོན་ཀྱང་རྩོམ་པ་པོ་ཚོས་སྤྱི་ཚོགས་འཆམ་མཐུན་གྱིས་ཞི་བདེ་ཉམས་གནས་ཡོངས་ཐབས་སུ་བསམ་བློ་གུ་ཡངས་ཀྱིས་ལྟ་ཚུལ་བརྗེ་རེས་བྱེད་པའི་ཁ་ཕྱོགས་ཁྲིད་པ་དང་། རིམ་བཞིན་འཛམ་གླིང་གང་སར་ཡོད་པའི་རྩོམ་པ་པོ་མང་པོ་ཞིག་གིས་མིའི་རིགས་ཀྱི་སྤྱི་ཚོགས་ཁྲོད་ཀྱི་འཁྲུག་རྩོད་ཞི་ཐབས་དང་། མིའི་རིགས་ཀྱི་སྤྱི་ཚོགས་ཞི་བདེ་ལྷིང་འཇགས་ཡོངས་ཐབས། སྨྲ་བརྗོད་རང་དབང་ཡོང་ཐབས་བཅས་ཀྱི་སྐོར་ལ་གྲོས་བསྡུར་དང་ལྟ་ཚུལ་བརྗེ་རེས་ཀྱིས། འཁྲུག་རྩོད་ཆེ་བའི་ཡུལ་གྲུ་ཀུན་གྱི་གནད་དོན་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱ་དགོས་པའི་ལངས་ཕྱོགས་བཟུང་སྟེ་ད་ལྟའི་བར་གྲུབ་འགྲས་མི་དམན་པ་བླངས་ཡོད།

༤༽ ལོ་ཙཱ་དང་སྐད་ཡིག་རང་དབང་གི་སྡེ་ཚན། (Translation and Linguistic Rights Committee

ལོ་ཙཱ་དང་སྐད་ཡིག་རང་དབང་གི་སྡེ་ཚནའདི་ཕྱི་ལོ་༡༩༧༨ ལོར་བཙུགས། སྡེ་ཚན་འདིའིངོས་ནས་སྐད་ཡིག་གང་རུང་ཞིག་སྤྱོད་མཁན་གྱི་མི་འབོར་མང་ཉུང་ལ་མ་ལྟོས་བར། སྐད་ཡིག་དང་རྩོམ་རིགས་ཚང་མ་འདྲ་མཉམ་དུ་སྤྱོད་པའི་རང་དབང་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། དུས་རྒྱུན་ཚན་པ་འདིའི་ངོས་ནས་ལས་འཆར་སྣ་ཚོགས་སྤེལ་ཏེ་ཀློག་པ་པོ་དང་རྩོམ་པ་པོ་ཚོར་འཛམ་གླིང་ནང་གི་སྐད་ཡིག་སྣ་ཚོགས་ཐོག་བྲིས་པའི་རྩོམ་རིགས་སྣ་ཚོགས་ཀྱི་སྐོར་ལ་རྒྱུས་མངའ་ཡོངས་ཐབས་བྱེད་ཀྱི་ཡོད་ལ། ཕྱི་ལོ་༡༩༩༦ ལོར་ཚན་པ་འདིའི་ངོས་ནས་སྐད་ཡིག་རང་དབང་གི་ཡོངས་ཁྱབ་བསྒྲགས་ཡིག་སྤེལ་བ་དེར་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་ངོས་ལེན་ཐོབ་པ་བྱུང་བའི་གྲུབ་འབྲས་གཟེངས་སུ་ཐོན་པ་བླངས་ཡོད།