ཚོགས་པའི་བྱུང་རིམ་དང་ལོ་རྒྱུས།

པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ནི་ཕྱི་ལོ་༡༩༩༩ལོའི་ཕྱི་ཟླ་༣པའི་ཚེས་༡༧ཉིན་རྒྱ་གར་གཞུང་ལ་དེབ་སྐྱེལ་བྱས་ཏེ་ཆོག་མཆན་ཨང་རྟགས་XXI/1860/99ཅན་གྱི་ཁྲིམས་མཐུན་གྱི་ཤེས་ཡོན་པའི་དཔུང་ཁག་གི་ཚོགས་སྡེ་གལ་ཆེན་ཞིག་ཡིན།

ཟླ་དེའི་ཚེས་༡༩ཉིན་བཙན་བྱོལ་གཞུང་གི་དམངས་གཙོའི་ཀ་བ་གསུམ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་གསར་དུ་རྩོམ་པ་པོའི་མཐུན་ཚོགས་ལ་ཞུགས་པའི་ཚོགས་མི། གཞན་ཤེས་ལྡན་མི་སྣ་མི་ཉུང་བ་བཅས་གདན་ཞུས་ཀྱིས་རྒྱ་གར་ཧི་མ་ཅལ་མངའ་སྡེ་བཞུགས་སྒར་རྡ་རམ་ས་ལ་ནོར་གླིང་དུ་ཐོག་མར་དབུ་བརྙེས།

ཚོགས་སྡེ་འདིའི་ཁོངས་སུ་བོད་ཀྱི་མི་སེར་རིགས་རུས་དང་ཕོ་མོ་ཁྱད་མེད། སྙན་ངག་མཁན་དང་། ཟློས་གར་སོགས་ཀྱི་འཁྲབ་གཞུང་རྩོམ་མཁན། རྩོམ་སྒྲིག་པ། བརྩམས་སྒྲུང་མཁན། ཞིབ་འཇུག་པ། ལོ་རྒྱུས་སྨྲ་བ། ཡིག་སྒྱུར་བ། སྒྱུ་རྩལ་བ། གཞས་པ་གྲགས་ཅན་སོགས་གཞན་ཡང་དེ་དག་གི་ཁོངས་སུ་མ་ཚུད་པའི་རྩོམ་མཁན་སྐྱེ་བོ་སུ་རུང་། ཚོགས་སྡེ་འདིའི་ཁོངས་སུ་འཛུལ་ཞུགས་འཚང་སྙན་འབུལ་འཐུས་ཆོག་ཀྱང་། འཚང་སྙན་འབུལ་མཁན་གྱི་རྩོམ་པ་པོ་རྣམས་ངེས་པར་གྲུབ་འབྲས་དོན་སོན་ལྡན་པའི་སྐྱེ་བོ་ཞིག་ཡིན་དགོས།

མཐུན་ཚོགས་འདིས་རྒྱལ་སྤྱིའི་པེན་གྱི་ཡན་ལག་ཏུ་ཞུགས་རྒྱུར་གལ་ཆེར་མཐོང་ནས་སྙན་སྐུལ་རིམ་ཞུས་བཞིན། ༢༠༠༢ལོའི་ཕྱི་ཟླ་༩པར་མེ་སཱི་སྒྲོན་ནེ་ཡ་རྒྱལ་ཁབ་ཏུ་འཚོགས་པའི་རྒྱལ་སྤྱིའི་པེན་གྱི་ཚོགས་ཆེན་ཐེངས་༦༨པར་གསར་ཞུགས་ཀྱི་གོ་སྐབས་ཐོབ་ཅིང་ཚེས་༢༠ཉིན་སྤྱི་མོས་ཀྱིས་ཐག་གཅོད་བྱུང་སྟེ་རྒྱལ་སྤྱིའི་པེན་གྱི་ཡན་ལག་གི་ཚོགས་སྡེར་ངོས་ལེན་ཐོབ་སྟེ། པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཞེས་པའི་མིང་བྱང་གནང།

དེ་ནས་བཟུང་རིམ་བཞིན། འཇར་མན་དང། ཨ་ཧྥི་རི་ཁ། མེ་སི་ཁོ། ཨོ་སི་ཁྲོའུ་རིས་ཡ། ཉི་ཧོང་། སིར་བྷིས་ཡ། པོ་ལན་ཌི། ཨ་སི་ལན་ཌི་སོགས་རྒྱལ་སྤྱིའི་པེན་གྱི་ཚོགས་ཆེན་ཁག་ལ་མཉམ་ཞུགས་བྱས་ཏེ་རྒྱའི་བཙོན་འོག་ཏུ་ཚུད་པའི་བོད་ཀྱི་རྩོམ་པ་པོ་རྣམས་ཀྱི་གནས་བབ་དང་། རྩོམ་འབྲིའི་རང་དབང་། སྨྲ་བརྗོད་རང་དབང་། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐད་དུ་གྲོས་ཆོད་སྔ་རྗེས་འཇོག་ཐུབ་ཡོད། ལྷག་པར་ད་ལོར་༢༠༡༣ལོའི་ཟླ་༥ནང་བཙོན་འོག་གི་རྩོམ་པ་པོའི་འཚོགས་ཆེན་ཐེངས་བཅུ་བ་དེ་པོ་ལན་ཌི་རྒྱལ་ཁབ་ནང་འཚོགས་སྐབས་མཉམ་ཞུགས་ཀྱིས་རྒྱའི་བཙོན་འོག་གི་བོད་ཀྱི་རྩོམ་པ་པོ་བཞི་བཅུ་ལྷག་གི་གནས་ཚུལ་སྒྲོགས་སྦྱངས་དང་། བོད་ནང་དུར་རང་ལུས་མེར་བསྲེགས་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཁ་ཆེམས་སོགས་མཚོན་པའི་སྨྲ་བརྗོད་རང་དབང་གི་སྐོར་སོགས་གྲོས་གཞིར་འཇོག་ཐུབ་པ་བྱུང་།

མཐུན་ཚོགས་ཀྱི་ངོས་ནས་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཞིབ་འཇུག་དེབ་ཕྲེང་གཉིས་དང་། གཞན་རྒྱའི་བཙོན་འོག་ཏུ་བཞུགས་པའི་སྐུ་ཞབས་སྒྲོལ་མ་སྐྱབས་ལགས་ཀྱིས་བརྩམས་པའི་ལྷིང་འཇགས་མེད་པའི་ཧི་མ་ལ་ཡ་སོགས་བོད་བསྒྱུར་གྱིས་དཔར་སྐྲུན་བྱས། ཡ་ང་བའི་ངའི་ཕ་ཡུལ་གྱི་ལོ་རྒྱུས། བོད་ཡིག་ནས་རྒྱ་ཡིག་ལ་བསྒྱུར། བཙན་བྱོལ་བོད་མིའི་མི་ལོ་ལྔ་བཅུའི་སྙན་དངགས་གཅེས་བཏུས་དང་། དཔྱད་རྩོམ་གཅེས་བཏུས། སྒྲུང་རྩོམ་གཅེས་བཏུས་སོགས་དེབ་ཕྲེང་གསུམ་དཔར་སྐྲུན་བྱས། ད་ལོར་མུ་འཐུད་དེབ་ཕྲེང་གསུམ་འདོན་འཆར་ཡོད་པ་བཅས།

གཞན་ཡང་མཐུན་ཚོགས་ཀྱི་ངོས་ནས་ཟླ་རེར་འདོན་སྤེལ་གནང་བཞིན་པའི་སྤྱི་ཚོགས་མེ་ལོང་ཚགས་པར་ནི་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལས་ཁུངས་ནས་གཉེར་བྱེད་བཞིན་པའི་རང་དབང་གི་གསར་ཤོག་ཅིག་ཡིན་ལ། ཚགས་པར་འདི་ནི་སྤྱི་ལོ་༢༠༠༠ལོའི་སྤྱི་ཟླ་གསུམ་པ་ནས་ཐོག་མར་འགོ་བཙུགས་ཏེ་ད་ལྟ་བར་དུ་ལོ་ངོ་༡༣གྱི་རིང་ལ་སྤྱི་ཚོགས་ཀྱི་འགག་འཕྲང་མང་པོ་བརྒྱུད་དེ་སྤྱིའི་འདོན་ཐེངས་བརྒྱ་དང་བཞི་བཅུ་ཞེ་གཉིས་འདོན་སྤེལ་བྱེད་ཐུབ་ཡོད། ལོ་ངོ་འདི་དག་གི་རིང་ལ་སྤྱི་ཚོགས་རྩོམ་སྒྲིག་ཁང་གིས་སྤྱི་ཚོགས་ཀྱི་སྟོང་ཆ་མང་པོ་ཞིག་ཁ་བསྐང་ཞིང་ཀློག་པ་པོ་མང་པོ་ཞིག་ལ་༧གོང་ས་སྐྱབས་མགོོན་རིན་པོ་ཆེ་མཆོག་གིས་བཀའ་སློབ་དང་མཛད་འཕྲིན་ཁག་དང་། བཙན་བྱོལ་བོད་གཞུང་དང་དམངས་གཙོའི་འཕེལ་རིམ་སྐོར། གྲགས་ཅན་མི་སྣ་ངོ་སྤྲོད་ཀྱི་སྐོར། རྒྱུན་སྤྱོད་ཤེས་བྱའི་སྐོར། གཞོན་ནུ་ཕོ་མོའི་བརྩེ་དུང་གི་སྐོར་གྱི་བཅར་འདྲི། རྩོམ་ལུས་འདྲ་མིན་གྱི་ཐོག་ནས་སྤྱི་ཚོགས་ཀྱི་སྣང་བརྙན་མཐོང་བའི་རྩོམ་རིགས་ཀྱི་སྐོར། སྤྱི་ཚོགས་ཀྱི་འཕོ་འགྱུར་དང་འགྱུར་ལྡོག་རེ་རེའི་ཁྲོད་ཀྱི་གསར་འགྱུར་ལས་རིགས་སོགས་དུས་ནས་དུས་སུ་འགྲེམས་སྤེལ་བྱེད་བཞིན་ཡོད། ལྷག་པར་ད་ལོ་ནས་ན་ཆུང་སློབ་མའི་རྩོམ་རིག་དགའ་ཚལ་ནང་དུ་བྲིས་པའི་སློབ་མའི་རྩོམ་ཡིག་ཁག་ལ་དུས་ལྟར་རྩོམ་ཡོན་འབུལ་བཞིན་པ་བཅས།

ངེད་རྩོམ་པ་པོའི་མཐུན་ཚོགས་ཀྱིས་གཉེར་བཞིན་པའི་དྲ་རྒྱ་བསྐྱར་བཅོས་བྱས་ཏེ་ད་ལྟ་པེན་བོད་ཀྱི་དྲ་བ་ www.tibetanpen.orgའདི་ཉིད་གསར་དུ་སྒོ་འབྱེད་བྱས་ཡོད་པས། རྒྱ་ཆེའི་རྩོམ་པ་པོ་རྣམས་ཀྱིས་འདི་ནང་དུ་རང་ཉིད་ཀྱིས་ཟིན་བྲིས་ཉར་ཆོག་ལ། རང་དབང་གིས་མཆན་ཡང་འདེབས་འགོད་བྱེད་ཆོག སྙུག་ཐོགས་རྐང་འཛིན་ནང་དུ་རྩོམ་པ་པོ་སུས་རྩོམ་ཡིག་མང་པོ་སྤེལ་ཐུབ་ན་དེ་རང་བཞིན་གྱིས་སྙུག་ཐོགས་རྐང་འཛིན་དུ་འགྱུར་ངེས་ཡིན། དེ་བས་རྒྱལ་ཕྱི་ནང་གི་ཤེས་ལྡན་རྩོམ་པ་པོ་རྣམས་ཀྱིས་རྩོམ་ལུས་འདྲ་མིན་གྱི་ཐོག་ནས་པེན་བོད་ཀྱི་དྲ་བ་འདི་ཉིད་ང་ཚོ་ཐུན་མོང་གི་ཚེ་ནོར་དུ་འགྱུར་བར་རྩོམ་ཡིག་གང་མང་བསྐུར་གནང་ཡོང་པ་ཞུ།

ཚོགས་སྡེ་འདིའི་ལྟ་བ་འཁྱེར་ཕྱོགས་ནི། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་། རྒྱལ་སྤྱིའི་པེན་(རྒྱལ་སྤྱིའི་རྩོམ་པ་པོའི་ཚོགས་སྡེ་)གྱི་རྩ་ཁྲིམས་གཞིར་བཞག་གི་ཐོབ་ཐང་འོག རྩོམ་པ་པོ་སྒེར་གྱི་བསམ་སྤྱོད་དང་ལྟ་བ་མཐུན་མིན་ལ་མ་ལྟོས་པར། སྨྲ་བརྗོད་རང་དབང་ལ་གཅེས་སྲུང་དང་། སྤྱི་ཚོགས་ཡར་རྒྱས་ལ་སྨན་པའི་གལ་ཆེའི་ནུས་པ་འདོན་སྤེལ་བྱ་རྒྱུ་དེ་ཡིན།