ཚན་རིག་གིས་ཕྱི་དོན་དུ་བསྒྱུར་་་ བརྒྱད།

ཚན་རིག་གིས་ཕྱི་དོན་དུ་བསྒྱུར་བའི་སྒོམ། བརྒྱད།

ཨ་ལན་གྱིས་བརྩམས་པའི་<<འཕྲང་དུ་ལུས་པའི་སེམས་ཀྱི་གནས་བབ>>ཞེས་པ་ལས་ཚན་བཤུས།

བསྟན་འཛིན་རིག་བཟང་གིས་བསྒྱུར།

ཟིན་བྲིས་གོང་མའི་འཕྲོས།

 

ཕྱི་ལོ་ ༡༩༦༠ སྐབས་སུ་བློའི་བྱེད་ལས་རྣམས་སྣང་མེད་དུ་བཏང་བའི་ཚད་བཀག་རྣམས་ཤེས་རིག་ཆེད་སྦྱོང་གི་སེམས་ཁམས་རིག་པ་སྨྲ་བ་ཚོར་ཇེ་གསལ་དུ་འགྲོ་བཞིན་པ་དང༌། བློའི་འཛིན་པའི་སེམས་ཁམས་རིག་པ་གསར་པ་འདིས་ཡུལ་ཅན་གྱི་མྱོང་བ་སྔར་ལས་གལ་ཆེན་དུ་འཛིན་འགོ་བརྩམས། དུས་རབས་ཉི་ཤུ་པའི་མཐའ་མའི་ལོ་རབས་ནང་བློའི་འཛིན་པའི་དབང་རྩའི་ཚན་རིག་དར་བ་ནས་བཟུང༌། ཡུལ་ཅན་གྱི་མྱོང་བ་དང་འབྲེལ་བའི་ཀླད་པའི་ནུས་རྩོལ་ཁག་ལ་དོ་སྣང་ཤུགས་ཆེན་སྤྲད་ཡོད། རྟོག་འཆར་དང༌། མྱོང་ཚོར། དྲན་ཤེས་ལྟ་བུའི་བློའི་བྱེད་ལས་བྱེ་བྲག་པ་དང༌། མིག་ཤེས་དང་དབང་ཤེས་གཞན་བཅས་ལ་མེད་དུ་མི་རུང་བའི་ཀླད་པའི་བྱེད་ལས་དང་ཆ་ཤས་རྣམས་ངོས་འཛིན་བྱས་ནས་མདུན་བསྐྱོད་ཆེན་པོ་ཞིག་བྱས། འདི་ནི་བློའི་བྱེད་ལས་རྣམས་ལ་ཐད་ཀར་མ་ཡིན་པར་བརྟག་དཔྱད་བྱེད་པའི་ཐབས་ལམ་ལུགས་མཐུན་ཡང་དག་ཅིག་ཡིན། རྒྱུ་མཚན་ནི་ཞིབ་འཇུག་འདི་ཚན་རིག་གིས་ལོ་ངོ་བཞི་བརྒྱའི་རིང་ལ་དངོས་ཁམས་ཀྱི་དངོས་ཡོད་གནས་ལུགས་ལ་ཉམས་ཞིབ་བྱས་པའི་ནུས་ཤུགས་ལ་བརྟེན་ཡོད། འོན་ཀྱང༌། བློའི་བྱེད་ལས་རྣམས་ཀྱི་རང་བཞིན་ངོ་མ་དེ་ད་དུང་ཡང་སྔར་བཞིན་ལྐོག་གྱུར་རེད།

 

ང་ཚོའི་ཡུལ་ཅན་གྱི་མྱོང་བ་དང་དངོས་ཁམས་ཀྱི་མཁྲེགས་ཆས་ཏེ། བློ་དང་ཀླད་པའི་བྱེད་ལས་བར་གྱི་འབྲེལ་བ་ཅི་ཞིག་ཡིན་ནམ། ཀླད་པའི་ནུས་རྩོལ་གྱིས་ཡུལ་ཅན་གྱི་མྱོང་བ་བསྐྲུན་ནས་འདི་གཉིས་བར་གྱི་འབྲེལ་བ་ནི་སྤྱི་ཡོངས་ནས་རྒྱུ་འབྲས་ཀྱི་རང་བཞིན་ཅན་ཞིག་ཡིན་ནམ། ཡང་ན་བློ་དང་དབང་རྩའི་ནུས་རྩོལ་ནི་ཕྱི་ནང་གང་ནས་བལྟས་པ་ལ་ཁྱད་པར་ཡོད་པ་ཙམ་ལས་གཞི་གཅིག་པ་ཞིག་ཡིན་ནམ། ཁོད་ཆི་༼ Christof Koch ༽ནི་ཤེས་པ་དང་འབྲེལ་བའི་དབང་རྩའི་འབྲེལ་མཐུད་ཀྱི་ཐོག་ལ་ཞིབ་འཇུག་བྱེད་མཁན་ཞིག་རེད། ཁོང་གིས་དྲི་བ་འདི་ཚོའི་སྐོར་ལ་གཤམ་དུ་གསལ་བ་ལྟར་འགྲེལ་བརྗོད་བྱས་འདུག ,,ཀླད་པའི་ངང་ཚུལ་དང་མྱོང་བའི་ངང་ཚུལ་གཉིས་ཀྱི་ཁྱད་ཆོས་བར་ལ་ཁྱད་པར་ཆེན་པོ་ཡོད་སྟབས། འདི་གཉིས་ནི་གཅིག་ཁུངས་གཅིག་ལ་ཡོངས་སུ་གཏུག་མི་ཐུབ། འདི་གཉིས་ཀྱི་འབྲེལ་བ་ནི་སྲོལ་རྒྱུན་གྱི་ལྟ་ཚུལ་ལས་ཆེས་རྙོག་འཛིངས་ཆེ་བ་ཞིག་ཡིན་པར་སྣང༌། སྐབས་འདིར་གནད་དོན་འདིའི་ཐོག་ལ་བློ་རྒྱ་ཡངས་པོ་ཞིག་བཟུང་ནས་ཀླད་པའི་ནང་གི་ཤེས་པའི་དབང་རྩའི་འབྲེལ་མཐུད་ངོས་འཛིན་བྱེད་པར་འབད་ན་ལེགས།,, སྦྱོང་བརྡར་ཐོབ་པའི་ཆེད་ལས་ཀྱི་དབང་རྩའི་ཚན་རིག་པ་ཞིག་ཡིན་པའི་ཆ་ནས་ཁོང་གིས་རང་བཞིན་གྱིས་ཀླད་པའི་ཞིབ་འཇུག་གི་ནུས་སྟོབས་གཞིར་བཞག་ནས་གླེང་གི་ཡོད། འོན་ཀྱང༌། ཀླད་པ་གཅིག་པུར་ཞིབ་འཇུག་བྱས་པས་ཡུལ་ཅན་གྱི་མྱོང་བའི་རང་བཞིན་ངོ་མའི་སྐོར་ལ་ཅི་ཡང་རྟོགས་མེད། ང་ཚོས་ཡུལ་གཙོ་བོར་བཟུང་ནས་ཀླད་པའི་ངང་ཚུལ་ལ་ཞིབ་ལྟ་བྱེད་སྐབས། བློའི་ངང་ཚུལ་གྱི་ཁྱད་ཆོས་ཅི་ཡང་དེ་ཚོའི་སྟེང་དུ་མི་མངོན་ཞིང༌། གཅིག་མཚུངས་སུ་ང་ཚོས་ཡུལ་ཅན་གཙོ་བོར་བཟུང་ནས་བློའི་ངང་ཚུལ་ལ་ཞིབ་ལྟ་བྱེད་སྐབས། འདི་ཚོའི་སྟེང་དུ་ཀླད་པའི་བྱ་འགུལ་གྱི་ཁྱད་ཆོས་ཅི་ཡང་མངོན་གྱི་མེད།

 

དབང་རྩའི་ཚན་རིག་པ་མང་པོ་ཞིག་གིས་བློའི་བྱེད་ལས་རྣམས་ནི་ཀླད་པའི་ནང་དུ་མཉམ་ཐོན་གྱི་ཁྱད་ཆོས་ལྟ་བུ་རུ་བྱུང་བར་ཡིད་ཆེས་བྱེད། མཉམ་ཐོན་གྱི་ཁྱད་ཆོས་ནི་ཆ་ཤས་མང་པོ་ཞིག་མཉམ་དུ་འཛོམས་པའི་འདུས་ཚོགས་ཤིག་གི་ནང་དུ་འབྱུང་ཞིང༌། ཁྱད་ཆོས་དེ་ནི་ཆ་ཤས་སོ་སོའི་སྟེང་དུ་གྲུབ་མེད། དཔེར་ན། ཁང་པའི་ཚ་གྲང་གི་ནང་དུ་གནས་སྐབས་ཆུའི་ངོ་བོ་འཛིན་པའི་གྲུབ་རྫས་གཅིག་ཁོ་ནའི་རང་བཞིན་ནི་གཤེར་བ་མིན། འོན་ཀྱང༌། ཆུའི་ངོ་བོ་འཛིན་པའི་གྲུབ་རྫས་འདུས་ཚོགས་ཆེན་པོ་ཞིག་ལ་གཤེར་བའི་ཁྱད་ཆོས་ཡོད། གཤེར་བ་ནི་ལེགས་པོར་རྟོགས་ཤིང་འཕྲུལ་ལས་ཀྱི་ལག་ཆས་ཚད་འཇལ་སླ་པོར་བྱེད་ཐུབ་པའི་དངོས་ཁམས་ཀྱི་ཁྱད་ཆོས་ཤིག་རེད། དེ་མཚུངས་སུ་དངོས་གཟུགས་ཀྱི་ཆོས་མང་པོའི་མཉམ་ཐོན་གྱི་ཁྱད་ཆོས་མི་ཉུང་བ་ཞིག་རང་ངོས་ནས་དངོས་ཁམས་ཀྱི་རང་བཞིན་ཡིན་ཞིང་ཚད་འཇལ་ཆོག དཔེར་ན། ཀླད་པའི་ནང་གི་གློག་དང་རྫས་ཀྱི་འགྱུར་བ་དང་ཁྲག་རྒྱུ་ལྟ་བུ་ཡིན། དེ་ལས་ལྡོག་སྟེ། བློའི་ངང་ཚུལ་ལ་དངོས་ཁམས་ཀྱི་ཁྱད་ཆོས་མེད་པ་དང༌། ཡུལ་གྱི་རང་བཞིན་དུ་ཚད་འཇལ་བྱེད་མི་ཐུབ། དངོས་ཁམས་ཀྱི་འཇིག་རྟེན་ལས་བྱུང་བའི་མཉམ་ཐོན་གྱི་ཁྱད་ཆོས་གཞན་གང་ལའང་རྩ་བའི་ཆ་ནས་མི་མཚུངས་པས་བློའི་ངང་ཚུལ་འདི་ཚོ་དངོས་ཁམས་ཀྱི་ཆོས་ཤིག་གི་མཉམ་ཐོན་གྱི་ཁྱད་ཆོས་སུ་བརྩིས་པར་གནས་ལུགས་ཆེན་པོ་མེད་པར་སྣང༌།

 

དེ་ལྟ་ནའང༌། དབང་རྩའི་ཚན་རིག་པ་འགའ་ཤས་ཀྱིས་རྙོག་དྲ་འདི་ཚོ་བསྐུང་བ་དང༌། ཁོང་ཚོས་བློའི་བྱེད་ལས་རྣམས་དེ་དག་གི་དབང་རྩའི་རྟེན་གཞི་དང་གཅིག་ཡིན་པར་བསྒྲགས་ནས་ཕལ་ཆེར་ལྷོད་ཡེངས་ཀྱིས་གནད་དོན་འདི་སྒྲིབ་ཀྱི་ཡོད། ཁོང་ཚོའི་འདོད་ཚུལ་འདི་ཚན་རིག་གི་ཚོད་དཔག་ལ་འཇོག་རུང་བ་ཞིག་རེད། འོན་ཀྱང༌། འདི་ཚན་རིག་དངོས་དང་མཐུན་པའི་ར་སྤྲོད་ཅིག་ད་སྔ་བྱུང་མེད། དེའི་ཕྱིར་ཁུངས་སྐྱེལ་བྱེད་མི་ཐུབ་པའི་བསམ་ཚུལ་འདི་ཚན་རིག་གི་མཇུག་སྡོམ་ཞིག་གི་ཚུལ་དུ་བརྗོད་པ་ནི་རྣམ་དཔྱོད་ཀྱི་གཡོ་སྒྱུ་ཞིག་ཡིན། འདིར་ཚན་རིག་རྣལ་མ་ཞིག་ཚན་རིག་རྫུས་མར་ཆགས་པའི་ཉེན་ཁ་ཆེ་ཞིང༌། ཚན་རིག་རྫུས་མའི་ཁྱད་ཆོས་གཅིག་ནི་ཚན་རིག་གི་ཚོད་དཔག་ཅིག་བདེན་པ་ཡིན་མིན་ལ་དཔྱད་པ་མི་གཏོང་བར་ཐོག་མ་ནས་ཚོད་དཔག་དེ་བདེན་པ་ཡིན་པའི་དཔང་རྟགས་འཚོལ་བ་འདི་རེད། ཚན་རིག་གི་ཚོད་དཔག་དེ་བདེན་པ་ཡིན་པ་དང༌། དེར་དགོས་པ་ནི་དཔང་རྟགས་ཁོ་ན་ཡིན་ཞེས་པའི་བདེན་འཛིན་འདིས་ཚན་རིག་གི་དཔྱད་ཐབས་སྤྱིའི་རང་བཞིན་མཚོན་པའི་བློ་རྒྱ་ཡངས་པོ་དེའི་ཚབ་བྱས་འདུག དབང་རྩའི་ཚན་རིག་པ་མང་པོ་ཞིག་གིས་འདི་ལྟར་ཚན་རིག་རྫུས་མའི་ལངས་ཕྱོགས་འདི་བཟུང་སྟེ། ཡུལ་ཅན་གྱི་མྱོང་བ་རྣམས་ཀླད་པའི་ནང་གི་དངོས་ཁམས་ཀྱི་ནུས་རྩོལ་ཐོག་ནས་ཡོངས་སུ་རྟོགས་ཐུབ་པའི་བདེན་དཔང་འཚོལ་གྱི་ཡོད། ཁོང་ཚོས་དེ་ལྟར་རྟོགས་ཐུབ་མིན་ལ་དཔྱད་པ་གཏོང་གི་མེད། དུས་རབས་བཅུ་བདུན་པའི་སྐབས་སུ་ཡོ་རོབ་ཀྱི་ནང་དུ་རྣམ་ཤེས་ལ་རང་བྱུང་ཁམས་དང༌། རང་བྱུང་ཁམས་ལས་འདས་པའི་ཁྱད་ཆོས་གཉིས་ཡོད་པར་ཡིད་ཆེས་བྱས། བློ་ལ་དངོས་ཁམས་ཀྱི་ཁྱད་ཆོས་མེད་པ་དང་དངོས་གཟུགས་ཀྱི་ལག་ཆས་འཚོལ་རྙེད་བྱེད་མི་ཐུབ་ནའང༌། འགྲོ་བ་མིའི་བློ་དེ་རང་བྱུང་ཁམས་ཀྱི་ཆོས་ཤིག་ཏུ་རྟོགས་པའི་འབད་བརྩོན་གྱི་ནང༌། ཚན་རིག་པ་ཚོས་སེམས་ནི་དངོས་ཁམས་ཀྱི་རང་བཞིན་ཡིན་ངེས་པར་བརྩིས་ཡོད། འདི་ནི་སེམས་ཀྱི་ཚན་རིག་གི་ཞིབ་འཇུག་སྤྱིའི་རྙོག་དྲ་གཙོ་བོ་དེ་རེད། དཀའ་ངལ་འདི་ད་དུང་སེལ་རྒྱུར་ལྷག་ཡོད།

 

སེམས་ཁམས་རིག་པ་སྨྲ་བ་ཚོས་མུ་མཐུད་ནས་ཞིབ་འཇུག་བྱེད་སའི་མི་ཚོར་དྲི་བ་འདྲི་བ་དང༌། ཁོང་ཚོའི་སྤྱོད་པ་ལ་ཞིབ་ལྟ་བྱས་ཏེ་ཐད་ཀར་མ་ཡིན་པར་སེམས་ལ་བརྟག་དཔྱད་གཏོང་ཞིང༌། བློའི་ནུས་རྩོལ་ལས་བྱུང་བའི་དངོས་ཁམས་ཀྱི་འབྲས་བུ་ལ་འདི་ལྟར་ཐད་ཀར་རྟོག་དཔྱོད་བྱེད་ཀྱིན་ཡོད། དབང་རྩའི་ཚན་རིག་པ་ཚོས་ཡུལ་ཅན་གྱི་མྱོང་བའི་དབང་རྩའི་རྟེན་གཞི་ལ་འཚོལ་ཞིབ་བྱས་ཏེ། ཐད་ཀར་མ་ཡིན་པར་སེམས་ལ་བརྟག་དཔྱད་བྱེད་པ་དང༌། འདི་ལྟར་ཁོང་ཚོས་རྒྱུ་དང་འབྲས་བུ་གང་རུང་ཡིན་པའི་བློའི་བྱུང་བ་དང༌། དེའི་དངོས་ཁམས་ཀྱི་འབྲེལ་བ་ལ་ཐད་ཀར་དཔྱད་པ་གཏོང་གི་ཡོད། དབང་རྩའི་ཚན་རིག་དང་སེམས་ཁམས་རིག་པའི་སྡེ་ཚན་འདི་ཚོ་ཕྱོགས་གཅིག་ཏུ་བསྡུས་ན་བློའི་འཛིན་པའི་ཚན་རིག་ཟེར། གལ་ཏེ་ཤེས་བྱའི་སྡེ་ཚན་འདིའི་ནང་གི་ཉམས་ཞིབ་པ་ཚོས་རང་གི་འཚོལ་ཞིབ་ནི་སྤྱོད་པ་དང༌། ཀླད་པའི་ཞིབ་འཇུག་གཅིག་པུའི་སྟེང་དུ་ཚོད་འཛིན་བྱས་ན་ཡུལ་ཅན་གྱི་མྱོང་བ་རྣམས་གྲུབ་ཡོད་པའང་རྟོགས་དཀའ་བ་ཞིག་རེད། བློའི་ངང་ཚུལ་རྣམས་གྲུབ་ཡོད་པ་རྟོགས་པར་ཞིབ་འཇུག་ཚོད་ལྟ་བྱེད་མཁན་ཚོས་རང་ངོས་ནས་དེ་ཚོ་མྱང་དགོས་ཤིང༌། སྐབས་འདིར་ཁ་ནང་གཏད་ཀྱི་དཔྱད་པ་ཆ་ཚང་བ་ཞིག་ཚན་རིག་གི་བློའི་ཞིབ་འཇུག་གི་ནང་དུ་ལེན་དགོས་པའི་འཇམ་མི་སིའི་ནན་སྐུལ་གྱི་རིན་ཐང་དེ་རྟོགས་ཐུབ།

 

བློའི་འཛིན་པའི་ཚན་རིག་པ་ཚོས་རང་ངོས་ནས་སེམས་བྱུང་ལ་འཇུག་པའི་བརྟག་ཐབས་ཕྲ་མོ་གང་ཡང་བསྐྲུན་མེད་པ་དང༌། ཞིབ་ལྟ་འདིའི་རིགས་ནི་གླ་ཆ་སྤྲད་ཡོད་ཅིང་ཞིབ་འཇུག་བྱེད་སའི་མི་ཚོར་༼རྒྱུན་དུ་མཐོ་སློབ་ཀྱི་སློབ་ཕྲུག་རེད།༽བསྐྱུར་ཡོད། ཁོང་ཚོར་སེམས་ཀྱི་བྱེད་ལས་ལ་ཞིབ་ལྟ་དང་འགྲེལ་བརྗོད་བྱེད་པའི་ཆེད་ལས་ཀྱི་སྦྱོང་བརྡར་ཐོབ་མེད། ཚན་རིག་པ་ཚོས་ཁ་ནང་གཏད་ཀྱི་དཔྱད་པ་འདི་གསར་བུ་པའི་ལག་ཏུ་བཞག་སྟེ། བློ་ལ་ཐད་ཀར་ཞིབ་ལྟ་བྱེད་པའི་ལས་གཞི་དེ་སྤྱིར་བཏང་གི་མིའི་སེམས་ཁམས་རིག་པའི་གནས་རིམ་དུ་ལྷག་པའི་ཁག་ཐེག་བྱས་འདུག ང་ཚོས་གནད་དོན་འདིའི་ཐོག་ནས་བློའི་འཛིན་པའི་ཚན་རིག་འདི་རང་བྱུང་ཚན་རིག་གཞན་དག་དང་བསྡུར་ན། ཚོད་ལྟ་གཙོ་བོར་འཛིན་པའི་དངོས་ཁམས་རིག་པ་བ་ཚོར་དངོས་ཁམས་ཀྱི་ནུས་རྩོལ་རྣམས་ལ་ཞིབ་ལྟ་བྱེད་པའི་ཆེད་ལས་ཀྱི་སྦྱོང་བརྡར་ཐོབ་ཅིང༌། སྐྱེ་དངོས་རིག་པ་སྨྲ་བ་ཚོར་སྐྱེ་དངོས་ཀྱི་བྱེད་ལས་རྣམས་ལ་ཞིབ་ལྟ་བྱེད་པའི་ཆེད་ལས་ཀྱི་སྦྱོང་བརྡར་རེག་ཡོད། འོན་ཀྱང༌། བློའི་འཛིན་པའི་ཚན་རིག་པ་ཚོས་སེམས་ཀྱི་བྱེད་ལས་རྣམས་རྟོགས་པའི་འགན་བླངས་ཡོད་ཀྱང༌། ཁོང་ཚོར་རང་གི་འཚོལ་ཞིབ་ཀྱི་ཁྱབ་ཁོངས་སུ་ཡོད་པའི་དངོས་ཡོད་གནས་ལུགས་ལ་ཞིབ་ལྟ་བྱེད་པའི་ཆེད་ལས་ཀྱི་སྦྱོང་བརྡར་དེ་ཚན་རིག་པ་གཞན་དག་དང་གཅིག་མཚུངས་སུ་ཐོབ་མེད།

 

འདི་ལྟར་བརྗོད་པ་ཡང་བློའི་འཛིན་པའི་ཚན་རིག་པ་ཚོས་སེམས་ཀྱི་སྐོར་ལ་ཅི་ཡང་རྟོགས་མེད་པའི་དོན་མིན། དོན་ངོ་མར་སེམས་ཁམས་རིག་པ་སྨྲ་བ་དང༌། དབང་རྩའི་ཚན་རིག་པ་ཚོས་སེམས་ཀྱི་བྱེད་ལས་གང་མང་ཞིག་དང༌།༼དེ་ཚོ་ཁག་ཅིག་ཁ་ནང་གཏད་ཀྱི་དཔྱད་པ་ལ་མི་འཇུག་པ་དེ་འདྲ་རེད།༽ དེ་དག་གི་ཀླད་པའི་གནས་སྟངས་ཀྱི་ཐད་ལ་གོ་རྟོགས་མང་པོ་སྤེལ་ཡོད། ཁོང་ཚོའི་ཤེས་ཡོན་འདི་སེམས་ནད་ངོས་འཛིན་པ་དང་བཅོས་པ་ལྟ་བུའི་ནང་དུ་བཀོལ་སྤྱོད་ཆེན་པོ་ཡིན། དབང་རྩའི་ཚན་རིག་པ་ཚོས་ཀླད་པ་ལ་ཚད་འཇལ་མི་བྱེད་པར་དེ་དང་འབྲེལ་བའི་ཡུལ་ཅན་སེམས་ཀྱི་བྱེད་ལས་ཐོག་ཏུ་སྒོམ་སྒྲུབ་པ་ལ་ཚད་འཇལ་བྱེད་པ་རེད། བྱེད་སྟངས་འདིས་སེམས་ཀྱི་དབང་རྩའི་རྟེན་གཞིའི་སྐོར་ལ་གོ་རྟོགས་མང་པོ་ཞིག་བསྐྲུན་ཡོད་ནའང༌། ཤེས་པའི་འབྱུང་ཁུངས་དང༌། དེའི་རང་བཞིན་ངོ་མ། ཡུལ་ཅན་སེམས་ཀྱི་བྱེད་ལས་གཞན་དག་གི་ཐད་ལ་གོ་རྟོགས་ཕྲན་བུ་ཞིག་མ་གཏོགས་བསྐྲུན་མེད།

 

འདས་པའི་དུས་རབས་འདིའི་ནང་དུ་དབང་རྩའི་ཚན་རིག་པ་ཚོས་སེམས་ཀྱི་དངོས་ཡོད་གནས་ལུགས་ལ་ཐད་ཀར་ཞིབ་ལྟ་བྱེད་སྤྱད་ཀྱི་ཐབས་ཤེས་ཞིབ་ཚགས་པོ་ཞིག་གསར་འཛུགས་བྱེད་མ་ཐུབ་པས། ཁ་ནང་གཏད་ཀྱི་དཔྱད་པ་ནི་ཚན་རིག་གི་འཚོལ་ཞིབ་ཀྱི་བྱེད་ཐབས་སུ་བཀོལ་ན་མི་འགྲིག་པའི་སྡོམ་ཚིག་བཞག ལྟ་ཚུལ་འདི་ནི་ད་དུང་ཡང་སེམས་ཁམས་རིག་པ་སྨྲ་བ་དང༌། དབང་རྩའི་ཚན་རིག་པ་ཚོས་རྒྱ་ཁྱབ་ཏུ་བཟུང་ཡོད་ཅིང༌། འདིའི་དབང་གིས་སེམས་ཀྱི་འཚོལ་ཞིབ་ནི་སྤྱོད་པ་དང་ཀླད་པའི་བྱ་འགུལ་ལ་བརྟེན་ཡོད། འོན་ཀྱང༌། ལྟ་ཚུལ་འདིས་ཁ་ནང་གཏད་ཀྱི་དཔྱད་པའི་རིན་ཐང་དམའ་རུ་གཏོང་བ་དང༌། སེམས་ཀྱི་བྱེད་ལས་ནི་ཀླད་པའི་ནུས་རྩོལ་ལ་ཡུལ་ཅན་གྱི་ངོས་ནས་བལྟས་པ་ཙམ་ཡིན་པའི་བདེན་འཛིན་ལ་ཤུགས་སུ་རྒྱབ་རྟེན་བྱེད། འདིའི་ཤུགས་བསྟན་ནི་ཀླད་པའི་ནུས་རྩོལ་རྣམས་ངོ་མ་ཡིན་ཞིང་སེམས་ཀྱི་བྱེད་ལས་རྣམས་འཁྲུལ་སྣང་ཡིན་པ་དེ་རེད།

 

ཡིན་ཡང༌། དེང་སྐབས་སའི་གོ་ལའི་སྐྱེལ་འདྲེན་དང༌། བརྡ་འཕྲིན་སྟབས་བདེ་རུ་སོང་བས་སྔོན་མ་དང་མི་འདྲ་བར་ང་ཚོས་འཛམ་གླིང་གི་དཔལ་ཡོན་ཚང་མར་སྙོབ་ཐུབ། རྒྱུ་མཚན་འདི་ལ་བརྟེན་ནས་སྒེར་དང་ཆེད་ལས་ཀྱི་ངོས་ནས་སྒོམ་སྒྲུབ་ཀྱི་སྲོལ་རྒྱུན་རྣམས་ལ་དང་བ་བྱེད་བཞིན་པའི་དབང་རྩའི་ཚན་རིག་པ་ཇེ་མང་དུ་འགྲོ་བཞིན་པ་རེད། དེའི་ཕྱིར་དུས་རབས་མང་པོ་ཞིག་ལ་ཚན་རིག་གིས་སྒོམ་ངོས་ལེན་མ་བྱས་པ་འདི་ནི་མི་འགྱངས་པར་འདས་པའི་བྱ་བ་ཞིག་ཏུ་འགྱུར་ངེས།།

རྩེ་སྐར་ལགས་ཀྱིས་མཁོ་སྤྲོད་གནངས། མུ་འགོད།

Leave a Reply