ཚན་རིག་གིས་ཕྱི་དོན་དུ་བསྒྱུར་་་ བཅུ།

ཚན་རིག་གིས་ཕྱི་དོན་དུ་བསྒྱུར་བའི་སྒོམ། བཅུ།

ཨ་ལན་གྱིས་བརྩམས་པའི་<<འཕྲང་དུ་ལུས་པའི་སེམས་ཀྱི་གནས་བབ>>ཞེས་པ་ལས་ཚན་བཤུས།

བསྟན་འཛིན་རིག་བཟང་གིས་བསྒྱུར།

ཟིན་བྲིས་གོང་མའི་འཕྲོས།

 

སེམས་ངལ་གྱིས་དབང་རྩ་གསར་སྐྱེ་ཉམས་སུ་འཇུག་མོད། བྱ་འགུལ་གྱི་རིགས་ཁག་ཅིག་གིས་དེ་གོང་འཕེལ་དུ་གཏོང༌། འདི་ནི་སྒོམ་ལ་འོས་འགན་གལ་ཆེན་ཡོད་ཆོག་པའི་ས་ཆ་ཞིག་རེད། ཉེ་ཆར་བར་དུ་ཚན་རིག་གིས་སྒོམ་ལ་ཞིབ་འཇུག་བྱས་པ་ཕལ་ཆེ་བ་ནི¿མཐའ་འཁོབ་ཀྱི་ཚན་རིག¿ཡིན་པར་བསམས་ཡོད། འོན་ཀྱང༌། ཞིབ་འཇུག་གི་ཁྱབ་ཁོངས་འདིས་ ༡༩༦༠ ནང་མང་ཚོགས་ཀྱི་དོ་སྣང་འགུག་འགོ་བརྩམས་པ་དང༌། སྐབས་དེར་ཧ་ཝད་ཌིའི་གསོ་རིག་སློབ་གྲྭ་དང༌། འ་ཝིན་ནེར་ཡོད་པའི་ཁ་ལེ་ཧཕོར་ནེའི་མཐོ་སློབ་གཉིས་ནས་ཡིན་པའི་སྨན་པ་ཚོས་གསར་རྙེད་བྱས་པ་ནི། ཕ་རོལ་དུ་བརྒལ་བའི་སྒོམ་ཉམས་ལེན་བྱེད་པའི་མི་ཚོར་སེམས་འཚབ་དང༌། སེམས་ངལ་ཇེ་ཉུང་དུ་སོང་བ་འདི་རེད། སེམས་འཚབ་དང་སེམས་ངལ་ཇེ་ཉུང་དུ་ཕྱིན་པ་ནི་དབུགས་འབྱིན་རྔུབ་ཀྱི་མགྱོགས་ཚད་དལ་དུ་སོང་བ་དང༌། སྲོག་འཛིན་རླུང་གི་ཟད་གྲོན་ཉུང་དུ་སོང་བ་གཉིས་ལ་འབྲེལ་བ་ཡོད། སྒོམ་འདི་ལྟ་བུའི་ནང་དུ་སྐར་མ་ཉི་ཤུ་དང་དེ་ལས་རིང་བའི་དུས་ཡུན་ལ་རྣམ་པར་ཤེས་པའི་ངང་ཚུལ་རྒྱུན་ལྡན་པ་ལས་ཕ་རོལ་དུ་བརྒལ་བའི་དམིགས་ཡུལ་བཟུང་ནས་ཡིད་ཀྱིས་བཟླ་བྱའི་གཟུངས་སྔགས་ཤིག་གི་སྟེང་ལ་དམིགས་པ་གཏོད་དགོས། ཉམས་ཞིབ་པ་འདི་ཚོས་བྱ་འགུལ་གཉིས་ཏེ། ཞལ་འདོན་ནམ་ཚིག་གཅིག་སྐྱོར་བའི་བཟླས་བརྗོད་དང༌། གཅིག་རྗེས་གཉིས་མཐུད་དུ་འཆར་བའི་བསམ་བློ་ལ་བསམ་བཞིན་དུ་རྩིས་མེད་བྱེད་པ་གཉིས་ལ་བརྟེན་ནས¿ཞི་འཇགས་ཀྱི་ཡ་ལན¿བྱུང་བར་བསམས་པ་རེད། ལོ་རབས་དུ་མའི་ཞིབ་འཇུག་འདི་ལྟ་བུའི་འབྲས་བུ་རུ་སྒོམ་འདིའི་རིགས་ནི་དེང་སྐབས་ཚད་ལས་བརྒལ་བའི་དངངས་འཚབ་དང༌། ཆ་མི་སྙོམས་པའི་སྙིང་གི་འཕར་ཚད། གཏན་འཇགས་ཀྱི་ན་ཟུག གཉིད་མི་ཁུག་པ། སྐྲན་ནན་དང་འད་ཙི༼ Aids ༽གཉིས་ཀྱི་ཞོར་ཐོན་ཤུགས་རྐྱེན་བཅས་ཀྱི་བཅོས་ཐབས་སུ་ངོ་སྤྲོད་བྱེད་ཀྱི་ཡོད།

 

སྒོམ་ནི་པགས་ནད་དང༌། ཚད་བརྒལ་གྱི་དངངས་འཚབ། སྐྲན་ནན་བཅས་ཐེ་བའི་དུས་ཡུན་རིང་བའི་ནད་རིགས་འདྲ་མིན་ཞིག་གི་སྲོལ་རྒྱུན་གསོ་རིག་གི་བཅོས་ཐབས་ཀྱི་རོགས་ཟླ་ལྟ་བུའི་ངོས་འཛིན་རྒྱ་ཁྱབ་ཏུ་བྱེད་ཀྱིན་ཡོད། ཡད་ལི་གསོ་རིག་སློབ་གྲྭར་ཉམས་ཞིབ་པ་ཚོས་འད་ཙིའི་རྐྱེན་གྱིས་འཆི་བཞིན་པའི་ནད་པ་ཚོའི་འཚོ་བའི་སྤུས་ཀ་ཡར་རྒྱས་སུ་གཏོང་བར་སྒོམ་ལ་ཕན་འབྲས་ཅི་ཞིག་ཡོད་མེད་ཉེ་སྔོན་ཞིབ་འཇུག་བྱས། ཁོང་ཚོས་འཆི་རྐྱེན་གྱི་ནད་རིགས་ཡོད་པའི་ནད་པ་ཚོའི་གནས་སྟངས་ལ་མཚོན་ནའང༌། ཉིན་རེའི་འཚོ་བའི་སྤུས་ཀ་ནི་མི་ཞིག་གི་འཆི་ཁའི་ཞི་བདེ་བཞིན་གཅིག་མཚུངས་སུ་གལ་ཆེན་ཡིན་པའི་ངོས་འཛིན་བྱས་པ་རེད། སམ་ཧྥི་རམ་སེ་སི་ཁོར་དུ་ཡོད་པའི་ཁ་ལེ་ཧྥོར་ནེའི་ཞི་བདེ་གསོ་རིག་ཁང་དུ་འཆི་བཞིན་པའི་ནད་པ་ཚོར་ཛམ་གྱི་བྱམས་སྐྱོང་ལས་གཞི་ཟེར་བ་ཞིག་གསར་འཛུགས་བྱས་ཏེ། འཆི་བཞིན་པའི་ནད་པ་དང་ལྷན་དུ་སྡོད་པ་དེས་དྭང་བླངས་ལྟ་རྟོག་བྱེད་མིའི་བདེ་ཐང་ལ་ཤུགས་རྐྱེན་ཅི་ཞིག་ཐེབས་པ་དང༌། དེ་བཞིན་ཆོས་ཀྱི་ཉམས་ལེན་ནི་འཆི་བའི་འཇིགས་སྣང་ཡང་དུ་གཏོང་བ་ལ་ཕན་ནུས་ཅི་ཞིག་ཡོད་པ་ཤེས་རྟོགས་བྱེད་པར་འབད་པ་བྱས། ལས་གཞི་འདིའི་ནང་དུ་དྭང་བླངས་ཀྱི་བྱམས་སྐྱོང་བྱེད་མཁན་གསར་པ་ཚོར་སྙིང་རྗེ་དང༌། བཏང་སྙོམས། དྲན་པ། ནད་གཡོག་ལྟ་སྐྱོང་བཅས་གཙོ་བོར་བཟུང་བའི་སྦྱོང་བརྡར་ཆུ་ཚོད་བཞི་བཅུ་ཞེ་བཞིའི་རིང་ལ་སྤྲད་ཅིང༌། སྦྱོང་བརྡར་དེའི་ཕན་འབྲས་ནི་སྙིང་རྗེའི་འདུ་ཤེས་མཐོ་རུ་སོང་བ་དང༌། འཆི་བའི་འཇིགས་སྣང་ཉུང་དུ་སོང་བ་སོགས་རེད།

 

འདི་དང་འབྲེལ་ཡོད་ཀྱི་ཞིབ་འཇུག་ཅིག་གི་ནང་ཉམས་ཞིབ་པ་ཚོས་ཛམ་གྱི་བྱམས་སྐྱོང་ཁང་གཞན་ཞིག་ཏུ་ལྟ་སྐྱོང་བ་ཚོས་རྒྱུན་དུ་དྲན་པ་ཉམས་སུ་བླངས་པས་ཕན་འབྲས་བྱུང་ཡོད་པར་ཁུངས་སྐྱེལ་བྱས་ཡོད། སྐབས་འདིའི་བརྗོད་གཞིའི་རྒྱབ་ལྗོངས་ཀྱི་ངོས་ནས་བཤད་ན། དྲན་པ་ཉམས་སུ་ལེན་པའི་སྒོམ་ནི་མིག་སྔའི་དངོས་ཡོད་གནས་ལུགས་ལ་དམིགས་པ་གཏད་ནས་གསལ་པོར་འཛིན་པ་དང༌། དངོས་ཡོད་གནས་ལུགས་དེའི་ཕྱོགས་ལ་སྐྱེས་པའི་མྱོང་ཚོར་དང་རྟོག་པའི་ནང་རང་ཉིད་མི་ལྷུང་བར་དེ་ངོས་འཛིན་དང་ཁས་ལེན་བྱེད་པའི་བློའི་ངང་ཚུལ་གྱི་གནས་སྟངས་ཤིག་ལ་གོ འཆི་བཞིན་པའི་ནད་པའི་ལྟ་སྐྱོང་བ་ཚོས་དྲན་པ་སྒོམ་པའི་ནང་དུ་བློ་རྩེ་རང་གི་དབུགས་ཀྱི་རྒྱུ་བའི་ཐོག་ལ་གཏད་ནས་རྟོག་པ་དང༌། མྱོང་ཚོར། རེག་ཚོར་སོགས་ཀྱི་འཕེལ་འགྲིབ་ལ་ལྟ་ཞིང༌། ཁོང་ཚོས་རང་ཉིད་རང་གི་བློའི་འདུས་དོན་ཏེ། རྟོག་པ་དང༌། མྱོང་ཚོར། ནང་སེམས་ཀྱི་ཅ་ཅོ་བཅས་ཀྱི་ཁྲོད་ནས་བརླགས་ཟིན་པ་རྟོགས་སྐབས། རང་གི་ཡིད་བྱེད་སླར་ཡང་དབུགས་ཀྱི་རྒྱུ་བའི་སྟེང་དུ་དལ་བུར་གཏད་ནས་དྲན་པ་བརྟན་པོ་བཟོས་པ་རེད།

 

དུས་ཡུན་གང་འཚམས་ཕྱིན་རྗེས་ཞིབ་འཇུག་འདིའི་ནང་དུ་ཞུགས་མཁན་ཚོས་རང་གི་ཡིད་བྱེད་སླར་ཡང་མིག་སྔའི་བྱུང་བའི་ཐོག་ལ་ལས་སླ་པོར་གཏོད་ཐུབ་པ་བྱུང༌། འཚོ་བ་དངོས་ཀྱི་ནང་དུ་སྒོམ་ལ་ཉམས་ལེན་བྱེད་བཞིན་ཁོང་ཚོས་ཉིན་གང་བོར་རང་གིས་ཅི་ཞིག་བྱས་པ་དང་རྒྱུ་མཚན་ཅིའི་ཕྱིར་ཡིན་པ་སོགས་ལ་དམིགས་པ་གཏད། ཁོང་ཚོས་རང་གི་དྲན་པ་ནི་འདས་པ་དང༌། ད་ལྟ་བ། མ་འོངས་པ་གང་རུང་ལ་མི་ཕྱོགས་པར་མིག་སྔར་འབྱུང་བཞིན་པའི་བྱུང་བའི་ནང་དུ་གནས་པ་ཉམས་སུ་མྱངས་ཡོད། ཁོང་ཚོས་བློ་ལ་སྦྱོང་བརྡར་བྱེད་པའི་ཐབས་ལམ་ཞིག་ཏུ་རང་གི་དྲན་པ་དེ་ཉིན་རེའི་ཞབས་ཞུའི་བྱ་འགུལ་ཐོག་ཏུ་བཀོལ་བ་རེད། ཁ་ཟས་གཡོ་བ་དང༌། གྱོན་ཆས་འཁྲུད་པ། ཁ་ཟས་ལྡུད་པ། ནད་པ་དང་ལྷན་དུ་སྡོད་པ་དང༌། ནད་པ་ཚོས་ཅི་བཤད་ལ་ཉན་པ་བཅས་ནི་ཉིན་རེའི་བྱ་འགུལ་ཡིན། ཁོང་ཚོས་ཉམས་ལེན་འདི་ལ་བརྟེན་ནས་མྱོང་བའི་ཁེ་ཕན་ནི། ནད་པ་དང་ཁོང་ཚོའི་བར་གྱི་ཕན་ཚུན་འབྲལ་མི་ཕོད་པའི་འདུ་ཤེས་དང༌། བྱ་འགུལ་གྱི་ནང་དུ་འཇུག་བཞིན་པའི་སྐབས་ཀྱི་ཞི་བདེ། ཅི་ཞིག་འབྱུང་བར་སྙམ་པའི་འཇིགས་སྣང་དང་སྟོང་སེམས་མེད་པ། མྱོང་ཚོར་གྱི་ནང་དུའང་གསལ་ཆ་ཆེ་བའི་དྲན་པའི་རྒྱུན་བསྲིང་ཐུབ་པ་སོགས་རེད།

 

མ་སར་ཆོ་སད་ཏྲིའི་གསོ་རིག་ལྟེ་གནས་ཀྱི་སེམས་ངལ་ཉུང་གཏོང་སྨན་དཔྱད་ཁང་གི་ཉམས་ཞིབ་པ་འཇོན༼ Jon Kabat-Zinn ༽གྱིས་ ༡༩༧༠ ཡི་མགོ་སྟོད་ནས་འགོ་བརྩམས་ཏེ། དྲན་པ་གཞི་རྟེན་གྱི་སེམས་ངལ་ཉུང་གཏོང་གི་ལས་གཞི་ཞིག་དར་སྤེལ་བཏང༌། དེ་ནི་དེང་སྐབས་འཛམ་གླིང་གི་ཡུལ་གྲུ་འདྲ་མིན་གྱི་སྨན་དཔྱད་ཁང་ཉིས་བརྒྱ་དང་ལྔ་བཅུ་ལྷག་གི་ནང་ལག་བསྟར་བྱེད་ཀྱི་ཡོད། ཕྱི་ལོ་ ༡༩༩༠ ལོར་བླ་མ་བདག་ཉིད་ཆེན་པོ་དང་ལྷན་དུ་འཚོགས་ཤིང༌། འཕྲོད་བསྟེན་དང༌། མྱོང་ཚོར། དྲན་པ་བཅས་བརྗོད་གཞིར་བཟུང་བའི་ཚོགས་འདུའི་ཐོག འཇོན་གྱིས་སེམས་ངལ་གྱིས་སྤྱིར་བཏང་གི་ཆམ་པ་ནས་སྐྲན་ནད་བར་གྱི་ཤེས་རྟོགས་བྱུང་བའི་ནད་རིགས་ཚང་མའི་ནད་རྟགས་ཚབས་ཆེན་དུ་གཏོང་བར་གསལ་བརྗོད་བྱས་བྱུང༌། རྒྱུ་མཚན་འདིའི་ཕྱིར་སྒོམ་གྱི་ཐོག་ནས་སེམས་ངལ་ཡང་དུ་བཏང་ན། ང་ཚོའི་འབྱུང་ཁམས་དང༌། སེམས་ཁམས་ཀྱི་བདེ་ཐང་ལ་ཤུགས་རྐྱེན་ཧ་ལས་པའི་ཆེན་པོ་ཞིག་ཐེབས་ངེས། དཔེར་ན། ཏྲོ་རན་ཏྲོ་མཐོ་སློབ་ཏུ་ཉམས་ཞིབ་པ་ཚོས་སྒོམ་གྱིས་སེམས་ཁམས་འཁྲུག་པ་རྒྱུན་ལྡན་ཡིན་པའི་ནད་པའི་སྐྱོ་ཞུམ་གྱི་བསྐྱར་ལོག་འགོག་ཐུབ་པར་བསྟན་ཅིང༌། ཞིབ་འཇུག་གཞན་གྱིས་ཀྱང་གོ་རྟོགས་འདི་ལ་རྒྱབ་རྟེན་བྱས་འདུག འཛམ་གླིང་གང་སར་ཞིབ་འཇུག་གི་མཐོ་སློབ་ཆེ་ཁག་ཏུ་སྒོམ་གྱི་སྐོར་ལ་ཞིབ་འཇུག་མང་པོ་འཕེལ་བཞིན་པ་དེ་དག་གིས་སེམས་ཁམས་དང༌། འབྱུང་ཁམས་ཀྱི་རྙོག་དྲ་གང་མང་ཞིག་ལ་སྒོམ་གྱིས་ཕན་པ་གསལ་སྟོན་བྱེད། ཞིབ་འཇུག་འདི་དག་གིས་ཉིན་གཅིག་གི་སྔ་ཕྱི་བར་གསུམ་དུ་ཐ་ན་སྒོམ་གྱི་ཉམས་ལེན་ཐུང་ངུ་རེ་བྱས་ནའང༌། ལུས་སེམས་གཉིས་ལ་འཕྲོད་བསྟེན་ཡོང་བ་དང་ངལ་གསོ་ཐོབ་པ་ནི། ཉིན་གུང་གི་ངལ་གསོའི་གཉིད་ལས་ཀྱང་རྒྱ་ཆེ་བ་རྟོགས་ཡོད།

 

འཇོན་གྱིས་ཞིབ་འཇུག་འདི་ལྟ་བུ་ཞིག་གི་ནང་དུ་རེ་ཆར་ཏྲི་དང་མཉམ་འབྲེལ་བྱས་ཡོད། རེ་ཆར་ཏྲི༼ Richard Davidson ༽ནི་མ་ཌི་སིམ་གྱི་ནང་དུ་ཡོད་པའི་ཝེ་སི་ཁིམ་སི་མཐོ་སློབ་ཀྱི་ཀླད་པའི་བྱེད་ལས་གློག་པར་བརྟག་དཔྱད་ཁང་གི་འགན་འཛིན་ཡིན། ཁོང་གིས་ཐོག་མར་ ༡༩༧༠ ནང་སྒོམ་དང༌། ཀླད་པ། མྱོང་ཚོར་བཅས་ཀྱི་འབྲེལ་བ་ལ་ཞིབ་འཇུག་བྱས་ཤིང༌། ཉེ་ཆར་ཝེ་སི་ཁིམ་སིའི་སྐྱེ་དངོས་འཕྲུལ་ལས་ཚོང་གཉེར་ཁང་གི་ཆེད་དུ་འཇོན་དང༌། རེ་ཆར་ཏྲི་གཉིས་ཀྱིས་སེམས་ངལ་གྱིས་མནར་བ་ཚད་མཐོ་པོའི་ལས་མི་ཁག་ཅིག་ལ་དྲན་པ་ཉམས་སུ་ལེན་པའི་སྒོམ་གྱི་རིམ་པ་དང་པོའི་སྦྱོང་བརྡར་གཟའ་འཁོར་བརྒྱད་ཀྱི་རིང་ལ་སྤྲད་དེ། ཕན་འབྲས་ཅི་ཞིག་བྱུང་ཡོད་མེད་བརྟག་དཔྱད་བྱས་པ་རེད། ཐོག་མའི་ཞིབ་འཇུག་གི་འབྲས་བུས་ངལ་གསོ་བ་དང༌། མྱོང་ཚོར་གྱི་དཀའ་ཚེགས་འཕྲད་པའི་སྐབས་སུ་སྒོམ་གྱི་སྦྱོང་བརྡར་འདི་ཐོབ་པའི་མི་ཚོའི་ཀླད་པའི་མདུན་ངོས་གཡོན་ཕྱོགས་ཀྱི་ནང་དུ་བྱ་འགུལ་ཇེ་མང་དུ་འགྲོ་བ་བསྟན་འདུག བྱ་འགུལ་ཇེ་མང་དུ་སོང་བའི་ཀླད་པའི་ཆ་ཤས་འདི་དགེ་མཚན་ཆེ་བའི་མྱོང་ཚོར་དང༌། སེམས་ངལ་ཉུང་དུ་སོང་བ། དེ་བཞིན་ལུས་ཕུང་གི་སྲུང་སྐྱོབ་མ་ལག་གི་འཕེལ་རྒྱས་སོགས་ལ་འབྲེལ་བ་ཡོད།

 

དེ་ནས་བཟུང་རེ་ཆར་ཏྲི་དང༌། ཁོང་གི་ལས་རོགས་ཚོས་དུས་ཚོད་སྟོང་ཕྲག་དྲུག་ཅུ་ལ་སྒོམ་སྒྲུབ་བྱས་མྱོང་བའི་བོད་བརྒྱུད་ནང་བསྟན་གྱི་སྒོམ་པ་བ་ཚོར་ཞིབ་འཇུག་བྱས། ཉམས་ཞིབ་པ་ཚོས་གྲྭ་པ་དེ་ཚོ་ཀླད་པའི་གློག་འགུལ་པར་ཆས་ཀྱི་བརྡ་ལེན་ཚོར་དབང་ལ་བཏགས་ནས་ཞིབ་ལྟ་བྱེད་སྐབས། ཀླད་པ་ཧྲིལ་པོས་བསྐྲུན་པའི་གྷ་མའི༼ gamma༽འོད་རླབས་མངོན་གསལ་དོད་པོས་མང་ཞིང༌། ཀླད་པའི་མདུན་ངོས་གཡོན་ཕྱོགས་ཀྱི་ཀླད་རྒྱའི་ནང་དུ་དབང་རྩའི་བྱ་འགུལ་ཚད་མཐོ་པོ་ཞིག་ཡོད་པ་རེད། ཀླད་པའི་ཆ་ཤས་འདི་ནི་མི་ཚོས་གསལ་བརྗོད་བྱས་པའི་བདེ་སྐྱིད་ཀྱི་ཚོར་བ་དང་འབྲེལ་བ་དམ་པོ་ཡོད་པ་ཞིག་ཡིན། འགྲོ་བ་མིའི་མྱོང་བ་ལ་སྦྱར་ན་ཞིབ་འཇུག་གི་འབྲས་བུ་འདི་ཚོར་འགྲེལ་བཤད་ཇི་ལྟར་བྱེད་དགོས་མིན་ནི་ཕྱོགས་ཡོངས་ནས་གསལ་པོ་ཆགས་མེད་ཀྱང༌། ནང་སེམས་ཀྱི་སྦྱོང་བརྡར་འདིའི་རིགས་ཀྱིས་ཀླད་པའི་ནང་དུ་གཅིག་སྒྲིལ་རང་བཞིན་གྱི་ནུས་རྩོལ་ལྷུ་སྒྲིག་ལ་འབྱུང་རྐྱེན་བྱེད་པར་མ་ཟད། རྒྱུན་རིང་མིན་གཉིས་ཀའི་དབང་རྩའི་འཕོ་འགྱུར་ལའང་སློང་རྐྱེན་བྱེད་པ་ཞིབ་འཇུག་གི་འབྲས་བུ་འདི་ཚོས་གསལ་པོར་མཚོན་ཡོད།

 

རྩེ་སྐར་ལགས་ཀྱིས་མཁོ་སྤྲོད་གནངས། མུ་འགོད།

Leave a Reply