གངས་སྐྱེས་སྒྲུབ་པ་སྐྱབས་སོགས་རྩོམ་པ་པོ་ཁག་ཅིག་ལ་རྒྱ་གཞུང་གིས་ཁྲིམས་ཆད་བཅད་འདུག

ཆབ་སྲིད་བཙོན་ཟུར་གངས་མེ་སྟག་གམ། གངས་སྐྱེས་སྒྲུབ་པ་སྐྱབས་བཙོན་འཇུག་ཐེངས་ ༣ པ་དང་། ཁྲིམས་ཆད་ལོ་༡༤ བཅད་འདུག

ཆབ་སྲིད་བཙོན་ཟུར་རྩོམ་པ་པོ་གངས་མེ་སྟག་གམ། གངས་སྐྱེས་སྒྲུབ་པ་སྐྱབས་ལགས་སླར་ཡང་ཕྱི་ལོ་༢༠༢༡ ལོའི་ཕྱི་ཟླ་༣ ཚེས་༢༣ ཉིན་གྱི་ཕྱི་དྲོའི་དུས་ཚོད་༥ དང་ཕྱེད་ཀ་ཙམ་ལ་རྒྱ་གཞུང་ཉེན་རྟོག་པས་རང་ཁྱིམ་ནས་བསྐྱར་དུ་འཛིན་བཟུང་བཙན་འཁྲིད་ཐེངས་༣ པ་བྱས་ཏེ། ད་ལྟ་ཕྱི་ལོ་༢༠༢༢ ལོའི་ཟླ་༡༠ ཚེས་༡༢ ཉིན་འདིར་ལོ་༡ དང་ཟླ་བ་༦ དང་ཉིན་གྲངས་༧ འགྲོ་བཞིན་ཡོད།
ད་ལྟ་ང་ཚོར་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། སླར་ཡང་རྒྱ་དམར་སྲིད་གཞུང་གིས་ཆབ་སྲིད་བཙོན་ཟུར་རྩོམ་པ་པོ་གངས་མེ་སྟག་གམ། གངས་སྐྱེས་སྒྲུབ་པ་སྐྱབས་ལགས་ལ་མི་ལོ་༡༤ ཁྲིམས་ཐག་བཅད་འདུག ཅེས་གནས་ཚུལ་འབྱོར་བྱུང་། འོན་ཀྱང་ཁོང་ལ་བསྐྱར་དུ་མི་ལོ་༡༤ ཁྲིམས་ཐག་གཅོད་སྐབས་ཀྱི་ཟླ་ཚེས་དང་། ས་གནས་སོགས་དེང་སྐབས་བོད་ནང་དམ་དྲག་གི་དབང་གིས་ང་ཚོས་ད་དུང་གསལ་རྟོགས་མ་བྱུང་ཡང་། དེའི་སྐོར་ལ་ང་ཚོས་ད་ལྟ་རྩད་གཅོད་བྱེད་བཞིན་ཡོད།
ཆབ་སྲིད་བཙོན་ཟུར་རྩོམ་པ་པོ་གངས་མེ་སྟག་གམ། གངས་སྐྱེས་སྒྲུབ་པ་སྐྱབས་ལགས་ནི་ཕྱི་ལོ་༡༩༧༩ ལོའི་ཟླ་༨ ཚེས་༦ ཉིན་མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་གེ་འཕན་སྡེ་བ་རུ་ཕ་ཐུབ་ཉི་དང་། མ་དབང་ལོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་དང་ཁོང་གི་བཟའ་ཟླ་དབང་ཕྱུག་ལྷ་མོ་གཉིས་ལ་རང་ལོ་བཅུ་དྲུག་ཙམ་ལ་སོན་པའི་བུ་མོ་མེ་དབང་སྐྱིད་དང་། རང་ལོ་བཅུ་བཞི་ཙམ་ཡིན་པའི་བུ་གངས་བཙན་པོ་ཞེས་པ་ཞིག་བཅས་ཡོད་འདུག རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་ཁོང་ཆུང་དུས་ནས་ས་གནས་རགས་བཀྲམ་སློབ་ཆུང་དང་། གསེར་རྟ་རྫོང་སློབ་འབྲིང་། ཁུལ་དར་མདོ་སློབ་ཆེན་སོགས་མཐར་ཕྱིན་རྗེས་གསེར་རྟ་རྡར་ཚང་དང་། རྡོ་ཁོག་གི་སྙན་ལུང་སོགས་སུ་སློབ་གྲྭའི་དགེ་རྒན་བྱེད་ཞོར་དུ་རྩོམ་དེབ་ཁ་ཤས་བྲིས་ཡོད་འདུག མི་རིགས་ཀྱི་ལས་དབང་དང་གནས་བབ་མཚོན་པའི་སྒེར་དེབ་ལས་དབང་གི་རྒྱང་འབོད་དང་། དུས་ཀྱི་ན་ཟུག དེ་རིང་གི་མིག་ཆུ། ལོ་ཟླའི་ཁ་དོག ཁ་བཏགས་དཀར་པོའི་ཚགས་དེབ། ད་དུང་༢༠༠༨ལོའི་ས་བྱི་ཁྲག་བྲིས་དམར་པོ་སོགས་དཔེ་དེབ་དང་ཚགས་དེབ་མང་པོ་ཁོང་གིས་བཏོན་ཡོད།

བ་སྲིད་བཙོན་ཟུར་གངས་མེ་སྟག་གམ། གངས་སྐྱེས་སྒྲུབ་པ་སྐྱབས་ལགས།

ལྷག་པར་ཕྱི་ལོ་༢༠༠༨ ལོར་བོད་ས་ཡོངས་ཀྱི་ཞི་རྒོལ་སྐབས་དངོས་བྱུང་གི་གནས་ཚུལ་ས་བྱི་ཁྲག་བྲིས་དམར་པོ་ཟེར་བའི་དེབ་གཅིག་བྲིས་པ་དང་། དམར་རྒོལ་ཚོགས་པ་རྩ་འཛུགས་བྱས་པའི་ཉེས་མིང་འོག་བྲག་མགོ་ས་གནས་སུ་མཁན་པོ་ཚུལ་ཁྲིམས་བློ་གྲོས་ལགས་ཀྱིས་སྒེར་བཙུགས་སློབ་གྲྭར་དགེ་རྒན་བྱེད་བཞིན་པའི་སྐབས་ཕྱི་ལོ་༢༠༡༢ ཕྱི་ཟླ་༢ ཚེས་༡༥ ཉིན་རང་ཁྱིམ་ནས་རྒྱ་གཞུང་ཉེན་རྟོག་པས་ཁོང་གློ་བུར་བཙན་ཁྲིད་བྱས་པ་དང་། ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༡ ཉིན་ཉག་ཆུ་རྫོང་ཁྲིམས་ཁང་ནས་བོད་དོན་ལས་འགུལ་སྤེལ་མཁན་དང་། <<དམར་རྒོལ་ཚོགས་པ་>>ཞེས་པའི་ཚོགས་མི་ཡིན་པའི་ཉེས་འཛུགས་དང་། ཁོང་གིས་བོད་མི་རིགས་ལ་ཞབས་འདེགས་ཕྱག་ལས་གང་ནུས་གང་ལྕོགས་ཤིག་བསྒྲུབས་པ་སོགས་ཆབ་སྲིད་ཀྱི་ནག་ཉེས་སུ་བསྒྱུར་ཏེ། ཁོང་ལ་མི་ལོ་༥ ཟླ་༦ གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཀྱང་། ཕྱིས་སུ་ལོ་ཐག་གི་ཁ་ཅུང་མ་གང་བའི་སྔོན་དེར། ཕྱི་ལོ་༢༠༡༦ ཟླ་༩ ཚེས་ ༡༦ ཉིན་ཁོང་བཙོན་གྲོལ་ཐོབ་ཡོད། འོན་ཀྱང་ཉིན་དེའི་ཕྱི་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་ཁོང་རང་ཉིད་ཀྱི་མགོ་ཐོག་ལ་བཞག་པ་སོགས་རྣམ་འགྱུར་ཡག་པོ་མི་འདུག ཅེས་རྒྱ་གཞུང་གིས་ཁོང་ལ་ཉེས་འཛུགས་བྱས་ཏེ། ཁོང་འཛིན་བཟུང་ཐེངས་༢ པ་བྱས་ཏེ། ཉིན་༡༧ རིང་ཡང་བསྐྱར་གསེར་རྟ་རྫོང་ཉེན་རྟོག་པས་ཁོང་བཀག་ཉར་བྱས་ཡོད།

སྐབས་སྔ་ཕྱི་དེ་དག་ཏུ་བཙོན་ཁང་ནང་ཟས་གོས་སོགས་འཚོ་རྟེན་ཧ་ཅང་སྐྱོ་བར་མ་ཟད། གཅར་རྡུང་གང་མང་བཏང་བ་སོགས་ལ་བརྟེན། བཙོན་གྲོལ་ཐོབ་ལོ་དེར་ཁོང་ནད་གཞི་ལྕི་མོས་ཟིན་པའི་རྐྱེན་གྱིས་ད་ལྟའང་ཟས་སྤྱོད་སོགས་ལ་ཧ་ཅང་འཛེམས་དགོས་པའི་གནས་སྟངས་ཆགས་ཡོད་པར་མ་ཟད། སྙིང་ཁམས་མི་བདེ་བ་དང་། གྲིབ་སྐྱོན་ཡོད་པ། མིག་གིས་གསལ་བོ་མི་མཐོང་བ། དྲན་པ་ཉམས་པ། མཁལ་མ་དང་། ཕོ་བའི་འཇུ་སྟོབས་ཞན་རྐྱེན་ཟས་སྤྱོད་དཀའ་བ་སོགས་ནད་གཞི་མང་པོ་བྱུང་ཡོད་འདུག

རྩོམ་པ་པོ་བོད་རུས་པའམ། སྲས་རྣམ་འཛིན་བཟུང་ཐེངས་༢ པ་དང་། ལོ་༦ གི་ཁྲིམས་ཆད་ཀྱི་གནས་ཚུལ།
ཕྱི་ལོ་༢༠༢༡ ལོའི་ཕྱི་ཟླ་༣ ཚེས་༢༣ ཉིན་གྱི་ཕྱི་དྲོའི་ཆུ་ཚོད༥ དང་སྐར༤༠ ཙམ་ལ། རྒྱ་གཞུང་ཉེན་རྟོག་པས་རྩོམ་པ་པོ་བོད་རུས་པའམ། སྲས་རྣམ་ལགས་རང་ཁྱིམ་ནས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག་པ་དང་། ད་ལྟ་རྒྱ་གཞུང་གིས་རྩོམ་པ་པོ་རུས་པའམ། སྲས་རྣམ་ལགས་ལ་ཉེས་ཆད་ལོ་༦ གི་ཁྲིམས་ཐག་བཅད་འདུག་ཀྱང་། ད་ལྟའི་ཆར་ཁོང་བཙོན་ཁང་གང་དུ་གནས་ཚུལ་ཤེས་རྟོགས་བྱུང་མ་སོང་། ད་ལྟ་ཁོང་གི་ཁྱིམ་དུ་བཟའ་ཟླ་དང་བུ་མོ་ཞིག་བཅས་ཡོད་འདུག
རྩོམ་པ་པོ་བོད་རུས་པའམ། སྲས་རྣམ་ལགས་ནི་ཕ་ཡུལ་མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་ཡུལ་གྱི་གསེར་རྟ་རྫོང་རགས་བཀྲམ་ཡུལ་ཚོ་ཏོག་ཚ་སྡེ་བ་ནས་ཡིན་ཞིང་། ཁོང་གི་ཕ་མིང་ལ་དུང་དཀར་དང་། མ་མིང་ལ་ལེའུ་མཚོ་ཟེར། ཁོང་ནི་མི་རིགས་སློབ་གསོའི་ཕྱོགས་ལ་བྱ་བ་གང་མང་སྒྲུབ་མཁན་ཞིག་ཡིན་པར་མ་ཟད། ད་དུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་ཕྱག་ལས་གང་མང་གནང་མཁན་ཞིག་ཀྱང་ཡིན་འདུག

རྩོམ་པ་པོ་བོད་རུས་པའམ། སྲས་རྣམ་ལགས།

ཕྱི་ལོ་༢༠༢༠ ལོའི་ཟླ་༩ བའི་ནང་ལ་ཡང་རྒྱ་དམར་ཉེན་རྟོག་པས་རྩོམ་པ་པོ་བོད་རུས་པའམ། སྲས་རྣམ་ལགས་ཐེངས་དང་པོར་འཛིན་བཟུང་བྱས་ཏེ། སྐབས་དེར་ཉིན་༡༥ ཙམ་ལ་གསེར་རྟ་རྫོང་ཉེན་རྟོག་ཁང་དུ་བཀག་ཉར་གྱིས་ཁོང་ལ་མནར་གཅོད་གང་མང་བཏང་ཡོད་པ་རེད། སྐབས་དེར་ཁོང་དང་མཉམ་དུ་མི་གྲངས་བཅུ་འཛིན་བཟུང་བྱས་ཡོད་འདུག་པ་དང་། སྐབས་དེར་ཁོང་འཛིན་བཟུང་བྱེད་དགོས་དོན་གཙོ་བོ་ནི། དེའི་སྔོན་ཁོང་གིས་གཙོ་འགན་ཁུར་ཏེ། གོ་སྒྲིག་གིས་གངས་ཅན་ཕ་མའི་བདེ་ཐང་གླེང་བ་ཞེས་པའི་ཚོགས་འདུ་ཞིག་འཚོགས་པ་དེ་ཁྲིམས་འགལ་ཚབས་ཆེན་ཡིན། ཞེས་རྒྱ་གཞུང་གིས་ཁོང་ལ་ནག་ཉེས་བཙུགས་ཡོད་འདུག

རྩོམ་པ་པོ་པདྨ་རིན་ཆེན་ལགས་བཙོན་འཇུག་ཐེངས་༢ པ་དང་། ཁྲིམས་ཆད་ལོ་༤།

དེང་སྐབས་རྒྱ་ནག་སི་ཁྲོན་ཞིང་ཆེན་ཟེར་བའི་ངོར་བཅད་བགོས་བྱས་ཡོད་པའི་དཀར་མཛེས་ཁུལ་ཁམས་བྲག་མགོ་རྫོང་ནས་ཡིན་པའི་རྩོམ་པ་པོ་པདྨ་རིན་ཆེན་ནམ། སྨྱུག་མིང་ལ་དུག་ཚེར་ཞེས་པ་ཁོང་ཕྱི་ལོ་༢༠༢༠ ལོ་མཇུག་ནས་གར་སོང་མེད་དུ་གྱུར་ཏེ། ད་བར་ཕལ་ཆེར་ལོ་གཉིས་ཙམ་འགྲོ་བཞིན་ཡོད་འདུག
འོན་ཀྱང་ཕྱི་ལོ་༢༠༢༢ ལོའི་ཕྱི་ཟླ་༩ པ་ཡས་མས་ཞིག་ལ་དཀར་མཛེས་ཁུར་འབྲིང་རིམ་ཁྲིམས་ཁང་ནས། རྩོམ་པ་པོ་པདྨ་རིན་ཆེན་ནམ། སྨྱུག་མིང་དུ་དུག་ཚེར་ལགས་ལ་རྒྱ་དམར་སྲིད་གཞུང་གིས་ཁྲིམས་ཐག་ལོ་༤ བཅད་འདུག ཅེས་ཁོང་གི་ཕ་ཡུལ་གྱི་ས་ཁུལ་དུ་ཡོངས་གྲགས་སུ་གྱུར་འདུག  ད་ལྟ་ཁོང་བཙོན་ཁང་གང་དུ་ཡོད་མིན་སོགས་ཅི་ཡང་གོ་རྒྱུ་མི་འདུག
ཕྱི་ལོ་༢༠༢༠ ལོའི་ནང་ཁོང་གིས་ཡང་བསྐྱར་དེབ་ཅིག་འབྲི་གིན་ཡོད། ཅེས་ཁོང་དང་འབྲེལ་ཡོད་ཀྱི་གྲོགས་པོ་ཚོར་ཁོང་གིས་བཤད་པ་རེད། ཞེས་ཟེར།
ཁོང་གིས་ཡང་བསྐྱར་དེབ་ཅིག་འབྲི་གིན་ཡོད། ཅེས་བཤད་པ་དེའི་རྗེས་ནས་ཁོང་གར་སོང་ཆ་མེད་གྱུར་ཡོད་འདུག
ནམ་རྒྱུན་རྒྱ་གཞུང་གིས་ཁོང་གར་ཡོད་གར་བསྡད་ལ་རྩད་གཅོད་བྱེད་བཞིན་ཡོད་འདུག་པ་དང་། རྒྱ་གཞུང་གི་དུས་ཆེན་སོ་སོའི་བྱེད་སྒོ་ནམ་བྱུང་ལ་ཁོང་འབོད་འགུག་བྱེད་པ་ནི་ཁོང་ལ་རྒྱུན་ལྡན་ལྟ་བུ་ཞིག་ཡིན་འདུག
ཁོང་གིས་ཕྱི་ལོ་༢༠༡༡ ལོར་<<ལྟོས།>> ཞེས་པའི་དེབ་ཅིག་བྲིས་ཏེ། དཔར་འགྲེམས་བྱས་པ་ལ་བསྙད་ནས། རྒྱ་གཞུང་གིས་ཁོང་འཛིན་བཟུང་ཐེངས་དང་པོ་བྱས་ཡོད་འདུག སྐབས་དེར་ཁོང་ལ་རྒྱ་གཞུང་ཉེན་རྟོག་པས་ཉེས་རྡུང་ཚབས་ཆེན་བཏང་བས། དུས་དེ་ནས་བཟུང་ཁོང་གི་གཟུགས་ཕུང་བདེ་ཐང་མེད་པར་གྱུར་ཡོད་འདུག
ད་ལྟ་ཁོང་ལ་ཤུལ་ལུས་ནང་མི་ཁོང་གི་ཨ་མ་དང་། སྲིང་མོ་ཞིག་མ་གཏོགས་ནང་མི་གཞན་ཅི་ཡང་ཡོད་མི་འདུག་པ་དང་། ཨ་མ་ཡང་ཧ་ཅང་གི་ནད་པ་ཚབས་ཆེན་ཞིག་ཡིན་འདུག    

རྩོམ་པ་པོ་པདྨ་རིན་ཆེན་ལགས

དེ་བཞིན་དུ་དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས། “རྒྱལ་ཁབ་ཁ་བྲལ་གྱི་ངན་སྐུལ་” དང་ “རྒྱལ་ཁབ་བདེ་འཇགས་ལ་གནོད་སྐྱོན་བཟོས་”པའི་བསྙོན་འཛུགས་འོག་ཏུ། གངས་བུ་གཡུ་བྷྲུཾ་ལ་ལོ་༧ ཡས་མས། གངས་ཚེ་རིང་སྒྲོལ་མར་ལོ་༨། བསམ་འགྲུབ་ལ་ལོ་༨ བཅས་ཀྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག

གསེར་རྟའི་དྲ་ཚིགས་ནས་བཏུས། གནས་ཚུལ་རྒྱུས་ལོན་པ་མགོ་ལོག་འཇིག་མེད།

Leave a Reply