རྩོམ་པ་པོ་ཟངས་དཀར་འཇམ་དབྱངས་ལགས་ལ་ལོ་བཞིའི་ཁྲིམས་ཐག་བཅད།
རྒྱ་ནག་གཞུང་གིས་བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་ཁོངས་ནས་ཡིན་པའི་རྩོམ་པ་པོ་དང་སྐད་སྒྱུར་བ་ཟངས་དཀར་འཇམ་དབྱངས་ལགས་སུ་རྒྱལ་ཁབ་ཁ་བྲལ་གཏོང་བའི་བྱ་སྤྱོད་སྤེལ་ཡོད་ལུགས་ཀྱི་ཉེས་མིང་གཡོགས་ཏེ་ལོ་བཞི་ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
སྤྱི་ལོ་ ༢༠༢༠ ལོའི་ཟླ་བ་གསུམ་པ་ཡས་མས་ནས་བཟུང་། རྒྱ་ནག་གཞུང་གིས་སློབ་གྲྭ་ཁག་ཏུ་བོད་ཡིག་གི་སློབ་ཚན་ཇེ་ཉུང་དུ་གཏོང་དགོས་པ་སོགས་ཀྱི་སྲིད་ཇུས་ལག་བསྟར་བྱེད་རྩིས་བྱེད་སྐབས་སུ། “དེ་རིང་ཡང་མི་རིགས་འདིའི་སྐད་ཡིག་གི་ཆེད་རྒྱུ་མཚན་དང་འགྲེལ་བཤད་རེ་བྱོས་དང་། སྐྲག་དོན་དང་ཞུམ་དགོས་དོན་གཏན་ནས་མེད། རྒྱུ་མཚན་ནི། མི་རིགས་ས་ཁུལ་ནས་རང་གི་སྐད་དང་ཡི་གེ་བཀོལ་ཆོག་པ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་གསལ་བོར་འཁོད་ཡོད་པ་ཁྱོད་ཅག་གིས་ཀྱང་ལོས་མཁྱེན། དེ་བས་དེ་ལྟར་ཡར་ཞུ་བ་བྱེད་པ་ནི་རང་རེའི་སྐད་ཡིག་འདི་གཅིག་པུའི་དོན་མིན་པར་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་བརྩི་འཇོག་བྱས་པའང་མ་ཡིན་ནམ། ཁ་དཔེར་ལ། ཉན་ཉན་ན་གྱང་གྲགས། བལྟས་བལྟས་ན་རི་འགུལ། ཟེར་བ་ལྟར་དོན་མེད་ལ་རྣམ་རྟོག་མང་པོས་སྐྱེས་པའི་བསམ་བློ་ལྷག་མ་གཏོང་དགོས་དོན་མེད་པས། བོད་སྐད་ཡིག་གིས་བྱ་བ་སྒྲུབ་ཅིང་མཁས་མིང་དང་མཁན་ཐོབ་བཞེས་པ། རང་དང་རང་གི་འཁོར། རང་གི་བཟའ་མི་བཅས་བོད་སྐད་ཡིག་ལ་བརྟེན་ནས་འཚོ་བའི་མཁས་པ་དང་མི་སྣ་གལ་ཆེན་ཚོས་གསུང་རེ་འབྱོན་པ་དང་ང་ཚོ་ལའང་བོད་སྐད་ཡིག་གིས་སློབ་ཚན་དེ་དག་སྦྱང་ན་ཐུབ་མིན་གྱི་གསལ་བཤད་རེ་གནང་རོགས།” ཞེས་སོགས་ཡིག་ངག་གཉིས་ཐོག་ནས་བཤད་ཡོད་པ་སོགས་ཀྱིས། ས་གནས་རྒྱ་ནག་ཉེན་རྟོག་པས་བསྔོག་བཤེར་དང་རྗེས་འདེད། ལྟ་རྟོག་ཤུགས་ཆེ་བྱས་ཡོད་པ་མ་ཟད། རིམ་པས་ཉེན་རྟོག་པས་བཀག་ཉར་ཐེངས་མ་ཁ་ཤས་བྱས་ཏེ་གློག་ཀླད་བསྔོག་བཤེར་དང་འདྲི་གཅོད་ཐེངས་མང་བྱས་ཡོད་ཅིང་། མཐར་ཕྱི་རྒྱལ་མི་རིགས་ཁ་ཤས་ལ་སྐད་བསྒྱུར་སྐབས་ཉེན་རྟོག་པས་འཛིན་བཟུང་བྱེད་རྩིས་བྱས་པར། ཕྱི་རྒྱལ་ནུབ་ཕྱོགས་པ་དེ་ཚོས་སྲོག་བློས་གཏོང་གིས་ཁོ་སྲུང་སྐྱོབ་བྱས་པར་བརྟེན། ཉི་མ་དེར་ཁོ་འཛིན་བཟུང་བྱ་ཐུབ་མེད་ནའང་། ཕྱི་ལོ ༢༠༢༠ ཟླ ༦ ཚེས ༤ ཉིན་གྱི་དགོང་མོར། རྒྱ་ནག་གཞུང་གིས་གློ་བུར་དུ་རྩོམ་པ་པོ་ཟངས་དཀར་མྱི་ལྡང་ངམ་ཟངས་དཀར་འཇམ་དབྱངས་ལགས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་འདུག
དུས་དེ་ནས་བཟུང་ཁོང་གང་དུ་ཡོད་མེད་དང་གནས་སྟངས་ག་རེ་ཆགས་ཡོད་སོགས་ཅི་ཡང་གོ་ཐོས་མེད་པར་གྱུར་ཡོད་ཀྱང་། ཉེ་སྔོན་ཁོང་ལ་སྐད་འཕྲིན་སོགས་སུ་དཀྲོག་གཏམ་སྤེལ་བ་དང་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་ཀྱི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག་ལོ་བཞི་ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཟིན་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་འདུག
རྒྱ་གཞུང་ཉེན་རྟོག་ཁང་ནས་རྩོམ་པ་པོ་ཁོང་འཛིན་བཟུང་བྱས་པའི་གནས་ཚུལ་སུ་གང་ལའང་བཤད་མི་ཆོག་པ་དང་། གལ་ཏེ་སྐད་ཆ་ཕྱི་ལ་ཁྱབ་ན་འབྲེལ་ཡོད་ཚོར་ཉེས་ཆད་གཅད་རྒྱུ་ཡིན་པའི་ཉེས་བརྡ་བཏང་སྟེ་གསང་བའི་ཐོག་ནས་ཁྲིམས་ཐག་བཅད་ཡོད་ལུགས་འགྲེལ་བརྗོད་གནང་ཡོད་འདུག་ལ། ད་ལྟ་རྩོམ་པ་པོ་ཁོང་སི་ཁྲོན་མེན་ཡཱང་བཙོན་ཁང་དུ་བཅུག་ཡོད་པ་དང་། ཁྲིམས་ཁང་གང་ནས་ག་དུས་ཁྲིམས་ཐག་བཅད་པ། ད་ལྟའི་སྐུ་གཟུགས་གནས་སྟངས་ག་འདྲ་ཡོད་སོགས་གང་ཡང་གསལ་ཁ་མི་འདུག
ཕྱི་ལོ ༡༩༩༨ ལོར་ཁོང་རྒྱ་གར་དུ་ཡོང་ནས་དབྱིན་ཡིག་སྦྱང་ཞོར་དུ། བག་གསར་བོད་ཡིག་ཚགས་པར་གྱི་རྩོམ་སྒྲིག་པའི་འགན་འཁུར་ཡོད་པ་དང་། ཕྱི་ལོ ༢༠༠༢ ཡས་མས་སུ་ཕ་ཡུལ་དུ་ལོག་སྟེ་ཨ་རིའི་རོགས་ཚོགས་ཁག་ཅིག་ཅིག་ཚུད་པའི་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཚོར་སྐད་སྒྱུར་གྱི་ལས་ཀ་བྱས། ཕྱི་ལོ་ ༢༠༡༩ ལོའི་ཟླ་མཇུག་ཏུ་ཨ་རིར་ཐོངས་མཆན་རག་ཡོད་ཀྱང་ཏོག་དབྱིབས་ནད་ཡམས་ཀྱིས་འགྲོ་ཐུབ་མེད་འདུག ཁོང་གིས་དེ་སྔོན་བོད་ནང་འཕག་འཚག་རྒོད་པའི་ལྕེ་ཞེས་པ་ཞིག་བརྩམས་ཡོད་འདུག་ལ། དེ་བཞིན་སྦྲང་ཆར་སོགས་ཀྱི་ཐོག་རྩོམ་ཡིག་མང་པོ་སྤེལ་མྱོང་ཡོད་འདུག
ད་ལྟ་རང་ལོ ༤༧ ཡིན་པའི་རྩོམ་པ་པོ་ཟངས་དཀར་འཇམ་དབྱངས་ལགས་ནི་རྔ་བ་ཁུལ་ཁྱུང་མཆུ་རྫོང་གི་ཟངས་དཀར་སྟོད་མར་ཕ་བསོད་ནམས་མགོན་པོ་དང་མ་ཀརྨ་སྒྲོན་གཉིས་ཀྱི་བུར་སྐྱེས་ཤིང་། ཁོང་དང་ཁོང་གི་བཟའ་ཟླ་ལྷ་མོ་མཚོ་གཉིས་ལ་ཕྲུ་གུ་གཉིས་ཡོད་འདུག
Leave a Reply