ལྷ་སའི་གནས་སྟངས་མགུར་ལ་གྱེར་བའི་རྩོམ་ཡིག
བོད་ནང་གི་བོད་མི་ཚོས་ལྷ་སར་ཏོག་དབྱིབས་རིམས་ནད་ཁྱབ་གདལ་དང་འབྲེལ་ལྷ་སའི་གནས་སྟངས་མགུར་ལ་གྱེར་བའི་རྩོམ་ཡིག
ནམ་རྒྱུན་བོད་ཐུག་འཐུང་མཁན། །ད་ལོ་རྩམ་པར་གོམས་སོང་། །ཁྱིམ་མཚེས་ཨ་ཇོ་བཀྲ་ཤིས། །ཞལ་ལག་བཟོ་མཁན་ཆགས་སོང་། །སྒྲོམ་ཚང་གྲུ་བཞིའི་ནང་ནས། །སེམས་མཐུན་རོགས་གཅིག་རྙེད་བྱུང་། །གོས་དཀར་ལྷ་རྗེ་མཆོག་གིས། །ཉིན་ཤས་ཉར་རོགས་གནང་དང་། །རིམས་འགོག་གོས་དཀར་དེ་ཡིས། །རྔུལ་ཆུ་རྐུབ་ལ་ཁྲིད་སོང་། །ཁྲི་གདུགས་ཉི་མ་སྐུ་མཁྱེན། །སྤྲིན་པའི་ཕག་ལ་ཞུགས་རོགས། །དང་པོ་དངུལ་ཁུག་གཙང་སེལ། །གཉིས་པ་འཁྱགས་སྒམ་གཙང་སེལ། །གསུམ་པ་རྩམ་ཁུག་གཙང་སེལ། །ད་ལོ་གཙང་གསུམ་ཆགས་སོང་། །ཁང་ཆུང་གྲུ་བཞིའི་ནང་དུ། །ཟླ་གཅིག་མཚམས་ལ་བསྡད་དུས། །གྲོང་གསེབ་སྒོ་ར་ཡངས་པོར། །ཡིད་སེམས་དབང་མེད་ཤོར་སོང་། །རང་འདུན་ཨ་ཇོ་དོན་གྲུབ། །ཉིན་མཚན་ལྟོས་མེད་རྒྱུག་སོང་། །ཁ་སང་གདགས་གཤིས་དོན་དུས། །ཨ་ཇོ་ལྷོད་ལ་བབས་སོང་། །རྫབ་ཆེན་ཏོག་དབྱིབས་ཟེར་བ། །གབ་སྟངས་མཁས་ལ་དཔེ་རེད། །མངའ་རིས་ཡུལ་ལ་སྲིབ་གཤིས། །ཕ་ཡུལ་སླེབས་དུས་གདགས་གཤིས། །ལུས་ལ་གོས་ཤིག་གྱོན་དུས། །རྔུལ་ཆུའི་ཐིགས་པ་གཞམ་གྱིས། །ཁ་ལ་རས་ཤིག་གྱོན་དུས། །ཨ་མཆོག་ཆད་གྲབས་བྱེད་ཀྱིས། །ཁ་དེ་གདངས་རང་དྲག་ན། །ནད་དུག་འཛུལ་བར་སྐྲག་གིས། །མ་གདངས་བཙུམས་ནས་བསྡད་ན། །ཉིང་སྐྱུར་བརྟག་ཐབས་མི་འདུག །བུ་ཆུང་བསམ་པའི་དོན་གྲུབ། །ད་ལོ་ཡག་ཏུ་ཕྱིན་འདུག །དུས་ཡུན་ཟླ་བ་གཅིག་ལ། །ཕ་མར་བཤིབས་ནས་བསྡད་སོང་། །གོས་དཀར་ལྷ་རྗེ་ལགས་ཀྱིས། །ལག་པར་དུག་སེལ་གནང་རོགས། །ཏོག་དབྱིབས་ཁོག་ལ་ཤོར་ན། །སྒྲོམ་ཚང་ནང་ལ་ཁྲིད་ཀྱིས། །སྒྲོམ་ཚང་ནང་གི་ཞལ་ལག །ཕག་ལྟོ་རེད་ཅེས་མ་གསུངས། །མི་ཚོགས་ཁྲི་སྟོང་གྲོད་ཁོག །གསོ་བར་དཀའ་ལས་འདུག་གོ །
སོག་རུ་ཀརྨ་ཀུན་ཁྱབ།
ཤི་གསོན་བརྟག་དཔྱད་རེད་ཟེར། །རྐན་ལ་ཐུ་རུ་བཙུགས་བྱུང་། །གུང་སེང་སྦྱོང་ཚན་རེད་ཟེར། །སྣ་ལ་རྒྱུག་པ་རྒྱུས་བྱུང་། །སྨད་ནས་སང་སང་སང་སང་། །ས་ཡོམ་སང་སང་བརྒྱབ་བྱུང་། །དབུས་ནས་ཏིས་ཏིས་ཏིས་ཏིས། །སྒྲོམ་ཚང་ཏིས་ཏིས་ཁེངས་འདུག །ཨ་ཅག་སྒྲོམ་ཚང་ནང་དུ། །སྒོར་གཞས་རྡོག་སྒྲ་སྒྲིག་དུས། །ཅོ་ཅོ་གྲོང་ཚོའི་དཀྱིལ་ལ། །སྙིང་རླུང་སྟོད་ལ་འཚང་གི །ཧྲང་ཧེ་མི་ཚོགས་སྟུག་ཀྱང་། །ནད་འགོག་དེ་ཙམ་མ་འགོར། །ང་ཚོ་འདི་ཙམ་འགོར་དུས། །ལན་པ་སུ་ལ་ཡོད་ན། །
སོག་ཟུར་དྲུག་གིས།
ཁ་ནང་ཐུར་རུ་སག་སག །སྨན་ཞིག་ཡིན་ནམ་བསམ་བྱུང་། །མ་ཤེས་མིད་པ་སྐྲངས་ནས། །སྣ་ནང་གཟེད་དགོས་བྱུང་སོང་། །ཏོག་དབྱིབས་ཏོག་དབྱིབས་མ་ཟེར། །ཁྱིམ་ལ་ལྟོགས་རླུང་ལངས་ཡོད། །སྒོ་རྡུང་རེ་རེ་སླེབས་དུས། །ཟས་སྐྱེལ་ཡིན་ན་བསམ་བྱུང་། །ཉི་མ་སུམ་ཅུ་ཟིན་དུས། །བརྟག་དཔྱད་བཞི་བཅུ་ཟིན་འདུག །ཏོག་དབྱིབས་ཡིབ་འདོད་ཆེ་ཡང་། །དེ་འདྲ་ཡིབ་ཀྱི་ཨ་ཡོད། །ཏོག་དབྱིབས་སྡུག་སྡུག་མ་ཟེར། །ད་ལོ་གུང་གསེང་རིང་རིང་། །ཏོག་དབྱིབས་མིན་ན་ཅི་ཡིན། །ཟླ་མཆོད་རྒྱལ་སྟོན་ཐུག་སོང་། །ནང་མི་མེད་ན་ཆོག་ག །དགའ་རོགས་སྒྲོམ་ཚང་སླེབས་བཞག །ཞབས་བྲོ་འཁྲབ་པའི་ཞོར་ལ། །ཞབས་དག་རྒྱག་ག་བསམ་བྱུང་། །རྩམ་པ་དུས་གསུམ་ཟོས་པས། །གྲོད་ཁོག་འབྲུག་སྒྲས་བཀང་སོང་། །གསང་སྤྱོད་མེད་པའི་ཁྱིམ་བཀག །ན་ཟུག་འཕར་མ་མྱངས་སོང་། །ཁ་རས་དཀྲིས་དང་མ་དཀྲིས། །ཁ་ནང་ཐུར་མས་དཀྲུགས་གི །ནད་པ་སྨན་པ་སུ་ཡིན། །སང་ཉིན་ཚོས་མདོག་ལྟ་ཆོག །
གཅུང་གངས་མྱུག་གིས།
ཏོག་གསར་ཏོག་ཙམ་དྲག་ན། །ཞབས་གཞས་བརྒྱབ་ཀར་ཕེབས་རོགས། །རིག་རྩལ་ཐང་ཆེན་དེ་ཚོར། །འཇག་མ་སྐྱེས་ནས་བསྡད་ཤག །དགོས་པའི་སྤྱི་གླིང་ནང་དུ། །ཞབས་གཞས་སྐྱོན་མཁན་མི་འདུག །མི་དགོས་སྒྲོམ་ཚང་ནང་དུ། །རྡོག་བྲོ་འདྲ་འདྲ་འགྲིག་འགྲིག །ཁ་སང་ཀ་བཤད་བརྩམས་ནས། །མི་ལ་ཁ་ཏ་བྱས་བྱུང་། །དེ་རིང་དོ་དམ་བྱས་དུས། །སྐུ་རླུང་སྔོན་ལ་ལངས་ཤག ། དང་པོ་ཉིན་ཞག་འགའ་ལ། །ཞལ་ལག་སྡེར་ཁ་བཤམས་བྱུང་། །མཐའ་མ་རྩམ་ཁུག་ནང་ལ། །ལག་མགོ་རྒྱག་དགོས་ཐུག་ཤག །ཕར་ལ་རྒྱ་སྐད་བརྒྱབ་པས། །ཚུར་ལ་བོད་སྐད་བཤད་བྱུང་། །འབྲོག་པ་སྙིང་ལ་རྗེ་བོས། །ཐ་སྙད་གསར་པ་བཟོས་སོང་། །ནད་པ་སྒྲོམ་ཚང་ནང་ནས། །ཞབས་གཞས་རྒྱག་གི་ཡོད་ན། །ནད་མེད་རང་ཁྱིམ་ནང་ནས། །ལྟོགས་གླུ་མ་ལེན་རང་ལེན། །གྲོང་ཁྱེར་དོ་དམ་སྲོལ་ལུགས། །འབྲོག་པའི་ནང་དུ་སྤེལ་སོང་། །ཁ་རས་རྒྱག་ཡུན་རིང་བས། །ཐབ་འཕྱིས་ལས་ཀྱང་ནག་ཤག །འགུལ་རྣམ་གཙང་སེལ་ཟེར་ནས། །ཇོ་ཇོ་གོ་ནོར་ཐེབས་བཞག །གོམ་གསུམ་སྤོ་ནོར་ཞིག་གིས། །ཞག་གསུམ་ཉལ་སར་ལྷུང་སོང་། །སྲོད་ལ་འཕྱམ་འཕྱམ་ཕྱིན་པས། །ཐོ་རེངས་གདགས་སྲིབ་འགྱུར་འདུག །གསང་དང་མ་གསང་མི་འདུག །གློག་མིག་ནང་ལ་ཤར་ཤག །མར་ཉལ་རྨི་ལམ་ནང་དུ། །རྒྱ་ཟས་ཟོས་པ་རྨིས་བྱུང་། །ཐོ་རེངས་མལ་ནས་ལངས་དུས། །རྩམ་དྲི་སྣ་ལ་བྲོ་བྱུང་། །ཡར་ལ་བཤམས་པའི་ཞལ་ཟས། །མར་ལ་ཞུ་དགོས་ཐུག་སོང་། །དཀོན་མཆོག་ཐུགས་རྗེ་ཅན་གྱིས། །བཀའ་བཀྱོན་རང་དང་ཨེ་གནང་། །མི་ལ་རས་པ་མིན་ཡང་། །ཁང་སྒོ་འདག་སྦྱར་བྱས་ཡོད། །བཅུད་ལེན་ཤེས་ན་མ་གཏོགས། །རྩམ་ཁུག་སྟོང་པ་ཆགས་སོང་། །
ལྕགས་ཅོང་གིས།
ནད་ཅན་སྒྲོམ་ཚང་ནང་ལ། ། བྱ་ལྟར་ལྡིང་ནས་བསྡད་འདུག །ནད་མེད་རང་རང་ཁང་ཕུག །འཕྱི་བ་དོང་ཉལ་བྱས་འདུག །ནད་འབུ་ལོང་བ་ཐང་རྒྱུག །ག་ས་ག་ལ་སླེབས་པས། །ནང་ལ་བསགས་པའི་གད་སྙིགས། །ཕྱི་ལ་འབུད་རྒྱུ་སྐྲག་གི །ལྷ་ས་བདེ་དགོས་གསུང་གིས། །བོད་ལྗོངས་ཤུགས་རྒྱོབ་ཟེར་གྱིས། །ཤུགས་ནི་ནད་འབུ་འདི་ལས། །ཆེ་བ་སུ་ཡང་མི་འདུག །ཀ་བཤད་དཀའ་ལས་ཁག་སྟེ། །ཅུང་ཙམ་ཁ་རོག་བསྡད་སོང་། །བསྟོད་རྩོམ་ངོ་སོ་སྤྲད་ཀྱང་། །ལམ་ཐག་ད་དུང་རིང་གི །རྒྱ་ཟས་ལེའུ་བཅོ་བརྒྱད། །ངོམ་རྒྱུ་དྲག་ཤོས་བྱེད་ཀྱང་། །ཟླ་ལམ་ནད་ཀྱིས་བཀག་དུས། །རྩམ་པ་ཟ་ཡུན་རིང་སོང་། །དང་པོ་ནད་ཡམས་བྱུང་དུས། །བསྟོད་རྩོམ་སྨན་ལས་མང་བ། །ནད་ཡམས་ཟླ་བཞུགས་གནང་བས། །བསྟོད་རྩོམ་ཁ་སྐྱེངས་བྱུང་སོང་། །ཁང་སྦུག་གཅིག་ལ་འཛུལ་ནས། །འགན་སེམས་ཡོད་མདོག་སྟོན་ཡང་། །ཕྱི་ཡི་ཉི་ཤར་ཆར་འབབ། །སྙིང་ནད་སློང་བྱེད་ཆགས་སོང་། །འབྲོག་པས་འོ་ཞོ་མཆོད་ནས། །སོས་དལ་བག་ཕེབས་གནང་གིས། །འཚོ་བ་ངན་ངོན་སྐྱེལ་བའི། །རྒྱ་གྲོང་མི་སེམས་འཚབ་འདུག །དབྱར་སྟོན་ཐན་པའི་སྒང་ལ། །ནད་ཡམས་ཟླ་ལམ་མཐུད་ན། །ང་ནི་ཉལ་ནད་བྱུང་སྟེ། །གོམ་པ་སྤོ་སྟངས་བརྗེད་པ། །ཐོ་རེངས་ཉལ་གཉིད་སྐྱིད་སྒང་། །ཉིང་སྐྱུར་བརྟག་དགོས་གསུང་བྱུང་། །ཁ་དྲི་ངན་པའི་མི་ཚོགས། །སྨན་པའི་སྣ་སྒོར་འཚུབ་འདུག །ནད་ཡམས་ཐོག་མར་བྱུང་དུས། །ཀ་བཤད་ཨ་གསར་ཆེ་སོང་། །ནད་ངན་ངང་རྒྱུད་རིང་དྲགས། །རྩོམ་རིག་ཨ་ཐང་ཆད་སོང་། །ཁྱུག་དབྱིངས་ཆོ་མེད་ཡིན་ཚུལ། །ནམ་རྒྱུན་གཞན་ལ་གདམས་ཀྱང་། །ད་ལོའི་གསར་འགྱུར་མང་པོ། །ཁྱུག་དབྱིངས་དྲིན་གྱིས་མཐོང་སོང་། །གོང་གི་གཟིགས་སྐྱོང་དངུལ་ཟོག །བང་སྟར་བསྒྲིགས་ནས་སླེབས་འདུག། མི་སྒེར་བྱམས་བརྩེའི་ཕྱག་ཟུང་། །ནད་ཡམས་མཆེད་སར་བརྐྱངས་འདུག །
བྱང་འབྲོག་མོ་ཡིས།
དང་པོ་ཨ་སར་ཡོད་པས། །ཤུགས་རྒྱོབ་ཤུགས་རྒྱོབ་བྱས་ཡིན། །མཐའ་མར་ཡི་ཐང་ཆད་པས། །ལྐུགས་པ་ཆགས་ནས་ལུས་སོང་། །ལུས་པོ་ནང་ལ་བསྡད་ཀྱང་། །སེམས་པ་ཕྱི་ལ་ཤོར་སོང་། །ནང་གི་ཞོག་ཁོག་དེ་དག ། ཀུ་ཤུར་འགྱུར་ན་བསམ་བྱུང་། །གསར་འགྱུར་སྤྱི་བསྒྲགས་བལྟས་ནས། །ཟླ་ངོ་གཅིག་ཙམ་ཡོལ་སོང་། །གསར་འགྱུར་གསར་རྒྱུ་མི་འདུག །ལབ་རྒྱུ་དེ་རང་རེད་འདུག ། པད་ཚལ་པད་ཚལ་ཟེར་ནས། །མཐོང་ཆུང་རང་དང་མ་གནང་། །ཞོག་ཁོག་ལ་ཕུག་མཐོང་དུས། །པད་ཚལ་སྙིང་ནས་དྲན་ཡོང་། །ཐབ་ཚང་ནང་གི་ཨ་མར། །ཁ་ལག་ཅི་ཡིན་མ་འདྲི། །ཕྱི་ལ་འཐུལ་བའི་དྲི་མ། །ཞོག་ཁོག་ཁོ་རང་རེད་འདུག །ཡ་གིའི་མི་ཆེན་དཔོན་པོས། །གསར་འགྱུར་བལྟས་ནས་སྡོད་ཟེར། །མ་གིའི་ཞིང་འབྲོག་མང་ཚོགས། །འཁྱུག་དབྱིངས་ནང་ལ་འཛུལ་འདུག །ཞག་མཚམས་ཟླ་མཚམས་བཅད་ནས། །ཟས་ནི་ངན་ངོན་བཟས་ཡིན། །ད་དུང་རྫོགས་རྒྱུ་མེད་ན། །གྲུབ་པ་ཐོབ་པར་འདུག་གོ ། ཞོག་ཁོག་ལ་ཕུག་གཉིས་ལ། །རྣ་ཅོག་མེད་པའི་ལེགས་སོང་། །ཨ་ཇོའི་སྐད་ཆ་གོ་ན། །སྙིང་རླུང་སྟོད་ལ་འཚང་ངེས། །
ནག་རྡོ་སེང་གིས།
མངོན་མཁྱེན་ཡོད་པའི་བླ་མས། །ད་ལོ་མཁྱེན་རྒྱུ་མི་འདུག །ཏོག་གསར་ནད་དུག་བསླེབས་དུས། །རྩམ་པ་མཉམ་དུ་ཟད་འདུག །ད་ལོའི་དུས་ཚོད་འདི་འདྲ། །ཤར་ཡོང་བསམ་པ་མ་བྱུང་། །ཚོང་ཁང་ནང་གི་ཐ་མག །རྫོགས་ཡོང་བསམ་པ་མ་བྱུང་། །འབྲོག་པ་རྗེས་ལུས་རེད་ཅེས། །རྒྱུན་དུ་གླེང་རྒྱུ་དེ་རེད། །ད་ལྟ་འབྲོག་པའི་ཕྱོགས་ལ། །ཡིད་སྨོན་ཤོར་ནས་བསྡད་འདུག །
བྱང་རྫི་དབྱངས་ཀྱིས།
ཀ་བཤད་གཅིག་རྗེས་གཉིས་མཐུད། །ཏོག་དབྱིབས་འགྲོགས་ནས་འཁྲུངས་བྱུང་། །ཕ་ནི་དབྱངས་གསལ་རེད་ཤག །མ་ནི་གསར་འགྱུར་རེད་ཤག །དང་པོ་ཀ་བཤད་རེད་ཤག །དེ་ནས་དམངས་གཞས་རེད་ཤག །ད་ལོ་ཏོག་དབྱིབས་དྲིན་གྱིས། །རྩོམ་རིག་དར་ས་འདུག་གོ །བོད་ལྗོངས་ཤུགས་རྒྱོབ་ལབ་ནས། །མུར་མཛོག་འཕྱར་འཕྱར་བྱས་སོང་། །ཐ་མ་མུར་མཛོག་འཕྱར་མཁན། །སྔོན་ལ་ཁྲིད་སོང་ཟེར་གིས། །བོད་པའི་རྩོམ་མཁན་ཁ་ཤས། །སྒྲོམ་ཚང་ནང་ལ་ཐུག་སྐད། །རྩོམ་རིག་གླེང་ནས་བསྡད་པས། །ཉི་མ་དེ་གར་ཕྱིན་ཤག །སེམས་ཁམས་ཡག་པོ་འདི་འདྲ། །ཆོས་པ་ཡིན་པས་རེད་ཟེར། །ལྷ་སྲུང་འཁང་ར་བྱེད་མཁན། །སྔར་ལས་མང་བ་བྱུང་སོང་། །སོག་ནས་དུང་ཞིག་བུས་པ། །ས་སྐྱའི་ཆོས་དུང་རེད་ཟེར།།ཆོས་དུང་དཀར་པོ་རྒྱང་གྲགས། །མི་ཁ་མི་འཁོར་བཀྲ་ཤིས། །འགའ་རེས་གྱང་ནས་མཆོངས་སོང་། །འགའ་རེ་ཁྲོམ་ལ་ཤོར་སོང་། །དེ་འདྲ་བོད་པའི་བསྟན་བཤིག །ཡ་པོ་རྐྱང་རྐྱང་རེད་ཤག །སྲོག་ལའང་སྣང་ཆུང་འདི་འདྲ། །རྗེས་ལུས་ངོ་མ་རེད་ཟེར། །དེ་འདྲ་རང་གདའ་མ་རེད། །ཁྱིམ་མཚེས་སྐྱོ་བས་ལན་སོང་། །སྒྲོམ་ཚང་མ་ཐོན་གོང་ལ། །སྒྲོམ་འདྲ་ཞིག་ལ་ཁྲིད་ཤག །ཁམས་པ་བློ་མཐུན་མེད་ན། །ད་རུང་ཉིན་ཤས་ཟེར་གིས། །འཁྱུག་དབྱིངས་ཡང་ཡང་བལྟས་པ། །སངས་སངས་སངས་ཀྱིས་གང་ཤག །བློ་ལ་མ་བྱང་གོང་ལ། །ཏིས་ཏིས་ཏིས་ཀྱིས་གང་བྱུང་། །འཁྱུག་དབྱིངས་ནང་གི་མཛེས་མ། །ཉིང་སྐྱུར་བརྟག་དཔྱད་འདྲ་བྱུང་། །ཞལ་རས་དཀར་གསལ་ཟླ་བ། །གདགས་གཤིས་སྲིབ་གཤིས་འདྲ་བྱུང་། །དང་ཐོག་ནད་ཡམས་བྱུང་དུས།། ཀ་བཤད་འཚང་ག་ཤིག་ཤིག། མུ་གེར་ཟླ་ལྷག་བྱུང་དུས། །ཀ་བཤད་གར་སོང་མི་འདུག །
འབྲོག་ཁ་མང་གིས།
ནད་ཡམས་བར་ཆད་ཞིག་གིས། །རིག་རྩལ་མེ་ཏོག་བཞད་སོང་། །རྩོམ་འབྲི་སྐར་ཚོགས་ཤར་འདྲ། །རྩོམ་དོན་ཉི་མ་ཤར་ཤོག །ཕྱི་ལ་ནད་ཡམས་ཡོད་ཀྱང་། །ནང་ལ་བདེ་སྐྱིད་ཁྱབ་ཡོད། །དྲིན་ཆེན་བཟའ་ཟླའི་དྲིན་གྱིས། །ཟ་འཐུང་གང་ཟས་ཞིམ་ཞིམ། །ཏིང་ཏིང་ཐེང་ཤུན་སྐད་འཕྲིན། ། སློབ་ཁང་གྲུ་བཞི་རེད་འདུག །ད་ལོའི་དགེ་སློབ་ཚང་མ། །ཞ་ར་ཆགས་ཉེན་འདུག་གོ །བྱང་ཐང་རྩོམ་པོ་ལྷན་རྒྱས། །གསར་རྩོམ་ཚ་རླབས་འཕྱུར་སོང་། །སང་ཉིན་ཉི་མ་ཤར་དུས། །གསར་རྩོམ་དར་ཟམ་མ་ཆག། །བྱང་ཐང་སྨྱུག་ཚོགས་ནང་ལ། །དམངས་གཞས་མ་ཎི་འདོན་འདོན། །དྲ་བའི་གསར་འགྱུར་ནང་ལ། །ནག་ཆུ་གཙང་བསེལ་གཏམ་བཟང་། །
ཧོར་བུ་བཀྲ་རྡོར་གྱིས།
ཕྱི་ཡི་ནད་འབུ་སྐྲག་ནས། །ཁྱིམ་གྱི་སྦུགས་ལ་གབ་ཀྱང་། །ནང་གི་ནད་འབུ་ལང་ཤོར། །ངོ་ཡ་ཡོང་བ་དཀའ་འདུག །ཁ་ཚ་ཁ་ལ་གོམས་པས། །ཁ་ཟས་རྩམ་པ་དོར་སོང་། །ཁ་སང་དེ་རིང་དུས་ལ། །ཁ་ངོ་རྩམ་པས་གཡོགས་འདུག །སྦྲང་དཀར་རྩམ་པའི་བཀའ་དྲིན། །ད་ལོ་གཞི་ནས་ཚོར་བྱུང་། །རྩམ་དྲི་ཁ་ལ་ཞིམ་པ། །རྟུག་དྲིའང་སྣ་ལ་འདྲིས་སོང་། །དོན་མེད་ཕྱི་ལ་འཁྱམས་ནས། །དུས་ཚོད་འཕྲོ་བརླག་ཕྱིན་སོང་། །ད་ལོ་ནང་ལ་བསྡད་པས། །དུས་དེབ་རེ་གཉིས་བཀླགས་ཡོད། །རྩམ་པ་མི་བཟའ་ཟེར་ནས། །ཚིག་རྟིང་མནའ་ཡིས་མནན་ཡང་། །ད་ལོ་འུ་རེ་ཐུག་དུས། །མནའ་དང་རྩམ་པ་མཉམ་བཟའ། །ནད་འབུ་བོད་ལ་དར་དུས། །ནད་གཡོགས་སྐུ་ལས་ཁག་སོང་། །ནད་མེད་བདེ་ཐང་ཡོང་བར། །རེ་བ་བཅངས་ནས་བསྡད་ཡོད། །ཨ་ཁུས་འདོན་འདོན་བསྒྲུབ་བསྒྲུབ། །རང་སེམས་གསོ་རོགས་ཡིན་འགྲོ། །ཚན་རིག་སྨན་པའི་ངག་ལ། །ཡིད་ཆེས་དོར་བ་མ་གནོངས། །ལྷ་ནི་ལྷ་ཡུལ་བཞུགས་ཏེ། །ད་ལོ་ཁོམ་ས་མ་རེད། །མི་ཡུལ་དཀའ་ལས་འཕྲད་དུས། །རེ་ས་མི་ལས་མི་འདུག །
ནགས་སྐར་ཆུང་གིས།
ཟ་འཐུང་རྒྱས་པོ་མེད་ཀྱང་། །ཁྱིམ་མི་ལྷན་འཛོམས་བྱུང་བ། །ལོ་འདི་གཅིག་པོར་མིན་འགྲོ། །ཁྱིམ་དུ་ཙོག་པོར་བཞུགས་ཨ། །དོ་ནུབ་ཆོབ་འདི་མཚར་ལོད། །ལ་ཕུག་པད་ཚལ་གླེང་གི །བྲོ་རྩམ་མར་སོགས་བཤད་ཀྱི། །ཁྱིམ་དུ་བཀག་རྒྱུ་རིང་བས། །བརྩེ་དུང་སླེབས་པ་མིན་འགྲོ། །
མུར་རྫོག་གིས།
མི་འགྱང་རྒྱ་གློད་བྱས་ན། །སྣང་བ་རྒྱ་ཡན་མ་གཏོང་། །སྣང་བ་རྒྱ་ཡན་སོང་ན། །སླར་ཡང་སྒོ་ཐེལ་རྒྱག་ཡོང་། །སྟག་ལོའི་སྤྱི་ཟླ་བརྒྱད་པར། །མངལ་ཞུགས་ཚེ་སྲོག་གསར་པ། །ཨ་ཕའི་ལྷད་མེད་བརྩམས་ཆོས། །ཁག་ཐེག་འབྲོང་བུས་བྱེད་ཆོག །
འབྲོང་བུ་ཕུན་ཚོགས་ཉི་མ་ཡིས།
བྱམས་པ་དབུས་ལ་ལུས་སོང་། །ཁོ་བོ་བྱང་ལ་འགག་སོང་། །ལས་ཀྱི་ལམ་ཁ་འདི་ནས། །ནད་ཀྱིས་འགྲོ་ལམ་བཅད་སོང་། ། སྙིང་སྡུག་གཏིང་དཀར་བྱམས་པ། །ཟླ་གཅིག་རྗེས་ནས་ལོག་ཡོང་། ། སྒུག་ཡུན་ཞེ་དྲག་རིང་སོང་། །ནད་ལ་བསམ་ཤེས་མི་འདུག །
གཟུ་བརྩེ་སྨྱུག་གིས།
ཏོག་དབྱིབས་ནད་དུག་ཟེེར་བ། །དབུས་གཙང་ཡུལ་ནས་ཐོན་བྱུང་། །མི་འདོད་སྒྲོམ་ཚང་ནད་པ། །མགྱོགས་མྱུར་ནད་ལས་གྲོལ་ཤོག །གོང་གི་སྲིད་ཇུས་བཟང་པོས། །འབངས་མི་བདེ་ལ་བཀོད་སོང་། །རིམས་ནད་མཐའ་རྒྱང་གཏོང་རྒྱུ། །ཚང་མས་མཉམ་དུ་འབད་ཡ། །གསོལ་ཇ་མངར་མོའི་གྲོང་གི །ཨ་ཅག་རྒྱགས་པའི་ཇ་དེ། །འཐུང་འདོད་འགྲམ་ཆུ་ཤོར་ནས། །མཚན་མོའི་གཉིད་ཐེབས་ཆག་སོང་། །
ཞོགས་ཆར་གྱིས།
སྒྲོམ་ཚང་ནང་གི་ནད་པ། །ནམ་མཁའི་བྱ་བཞིན་ལྡིང་གི །ནད་མེད་མང་ཚོགས་དེ་ཚོ། །དགུན་འཕྱི་བཞིན་དུ་ཉལ་འདུག །རྒྱ་ཟས་ལེའུ་བཅོ་བརྒྱད། །ཞིམ་དང་ཞིམ་པོ་ཡོད་དེ། །ཨོ་མེ་ཁེ་རུང་སླེབས་དུས། །ཟ་ཡུན་རྩམ་པ་རིང་སོང་། །
སྙིང་གསོན་པོས།
ཨ་ཕོ་སྨྱུག་ཁ་མགྱོགས་སོང་། །ནད་དུག་ངང་རྒྱུད་རིང་བ། །བཙིར་དང་མ་བཙིར་མི་འདུག ། སེམས་ཁ་རྡོ་ལས་ལྕི་བ། །ནམ་རྒྱུན་རྩམ་པ་ཟས་ན། །གྲོད་ཁོག་སྦོས་ཀྱི་ཟེར་གྱིས། །ད་ལོ་སྦྲོམ་ཚང་ནང་དུ། །དེ་ལས་ཞིམ་པ་མ་བྱུང་། །ཏོག་དབྱིབས་ཁྱབས་རྒྱ་ཆེ་ཡང་། །དེ་ལ་ཞེད་དགོས་མི་འདུག །རྒྱ་བོད་གསོ་རིག་མཁས་ཆེན། །དཔུང་གདང་བསྒྲིགས་ནས་སྒུག་ཡོད། །
རྟོགས་སད་སྨྱོན་པ་ཡིས།
དང་པོ་ཏོག་གསར་ཕོག་དུས། །གསར་འགྱུར་ལན་མང་བལྟས་ཡོད། །དེ་རིང་ཁར་རྩང་དུས་ལ། །ཅི་དྲན་འདི་དྲན་མི་འདུག །ད་ལོ་ནམ་ཟླའི་གླེན་རྟགས། །གནམ་ལ་ཤར་བའི་འཇའ་དེ། །ཆུ་གཏོར་རླང་འཁོར་ཐོག་ལ། །སྒོར་སྒོར་ངང་ནས་འཆར་འདུག །སོག་ནས་དུང་ཅིག་བུས་པར། །ཡ་མཚན་དགོས་དོན་མི་འདུག །དེའུ་ཐོག་དགོན་པ་གཉིས་ལ། །ཡོད་པ་དུང་མཁན་རེད་འདུག །
ལྕགས་རུ་ཟེགས་མས།
གཟི་རྔམ་སེང་གེའི་ཁྲི་ལ། །ཁྲི་གདུགས་ཉི་མ་འདྲ་བའི། །སྐྱབས་སུ་མཆི་སའི་བླ་མ། །སྒྲོམ་ཚང་ནང་ནས་མཇལ་བྱུང་། །བོད་ཡུལ་ལྷ་ཀླུའི་དག་ཞིང་། །ད་ལོ་བདུད་འདྲེས་བཟུང་འདུག །བོད་ཡུལ་ས་གཙང་ཆུ་གཙང་། །ད་ལོ་ཡམས་ནད་ཁྱབ་ཤག །དེང་རབས་ཚན་རྩལ་མ་ལག །སྔར་བྱུང་ཡམས་ནད་བཅོམ་ཡང་། །ཏོག་དབྱིབས་ནད་རིམས་འདི་ལ། །ད་དུང་སྙིང་རྗེ་བྱས་ཤག །ཨ་ཕོ་བྱང་གི་ཕོ་སར། །ཟླ་གཅིག་མཚམས་ལ་བཞུགས་ཡོད། །དབུས་ཀྱི་མེ་ཏོག་བྱམས་པས། །སྒྲོམ་ཚང་ནང་ནས་བསྒུགས་འདུག ། རྒྱུན་དུ་ང་བརྩེ་ཁྱོད་བརྩེ། །བློ་གཏད་བྱ་ས་འབྱེད་དཀའ། །ད་ལོ་རིམས་ནད་འདི་ཡིས། ། དབྱེ་བ་ཕྲ་མོ་ཕྱེས་སོང་། །ད་ལོའི་ནད་རིམས་འདི་ཡིས། ། ནད་བརྒྱ་སྨན་གཅིག་རྩམ་པ། །ཁུག་མའི་གཤམ་ལ་ཐུག་དུས། །ཨ་ཟིང་སྤུ་ཟིང་བཟོས་སོང་། །ཨ་ཙེ་ཁ་བའི་ལྗོངས་སུ། །ལྷ་འཁོར་ཀླུ་འཁོར་ཚོགས་དང་། །ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས། །ད་རེས་ཡམས་ནད་གཙང་སེལ། །མི་ཡི་གཟུགས་སུ་བྱས་པའི། །ནད་འགོག་ལྷ་རྗེའི་འཁོར་དང་། །དང་བླངས་སྒལ་ཚིགས་ཅན་ལ། །བློ་གཏད་ཏན་ཏན་བཅོལ་ཡོད། །ཕྱོགས་བཞིའི་མི་རིགས་ཀུན་དང་། །ཕྱག་ཟུང་དམ་དུ་སྦྲེལ་ནས། །ཉི་མ་སྤྲིན་ནག་འོག་ནས། །ཐར་བའི་དུས་ཤིག་འབྱུང་ངེས། །
ནག་ཤོད་བསོད་ནམས་ཚེ་རིང་གིས།
སྒྲོམ་ཚང་ནད་པ་དེ་ཚོ། །ཞབས་བྲོ་འཁྲབ་པ་མཐོང་དུས། །ཁྱིམ་དུ་སྡད་པའི་མི་རྣམས། །ཧ་ལས་ཧོན་ལ་འཐོར་སོང་། །འབྲོག་པ་རྗེས་ལུས་རེད་ཅེས། །ནམ་རྒྱུན་གཤེ་གཤེ་བཏང་ཡང་། །འུ་ཐུག་ད་ལོའི་གནམ་ལོར། །འབྲོག་པ་ཡིན་ན་བསམ་བྱུང་། །ནམ་རྒྱུན་ལས་བྲེལ་ཁྲོད་དུ། །དུས་ཚོད་གར་སོང་མ་ཚོར། །ད་ལོ་ཁྱིམ་ལ་འདུག་དུས། །ཉི་མ་ལོ་ལས་རིང་སོང་། །
སྨྱུག་གླིང་བུ་ཡིས།
རང་ཁྱིམ་གྲུ་བཞིའི་ནང་ལས། །ཞིམ་རྒྱུ་རྩམ་པ་ཞིམ་སོང་། །དེ་ཡང་སུན་རྒྱུ་མི་འདུག །མེས་པོའི་སྐུ་དྲིན་དྲན་སོང་། །ཁྲོམ་ལ་ཕྱིན་པའི་སྣང་བ། །ཉིན་མཚན་གཉིས་ལ་འཆར་བྱུང་། །ལུས་པོ་ནང་ལ་གནས་ཀྱང་། །སེམས་པ་ཕྱི་ལ་ཤོར་སོང་། །ཕྱི་རོལ་དྲི་བཟང་ཁེངས་པའི། །རང་སེམས་འཁྲུལ་བའི་རྟགས་རེད། །གང་འདོད་འགྲོ་བའི་བསམ་པ། །གནས་སྐབས་བདེ་མོ་རེད་སོང་། །ང་ནི་རྫི་བོ་མིན་བསམ། །རྩི་ཏོག་དྲི་ཞིམ་སྣ་ཚོགས། །སྣོམ་རྒྱུ་བྱུང་ན་བསམ་བྱུང་། །རང་ཁྱིམ་ནང་ལ་ལུས་སོང་། །
སྟོང་མེ་རོས།
ད་ལོ་རྩམ་པ་མ་གཏོགས། །ཟས་སྣ་གཞན་མིང་བརྗེད་འདུག །ན་ན་སྒྲོམ་ཚང་མིན་པའི། །སྨན་ཁང་བཙལ་ས་མ་རེད། །གཟའ་ཟླའི་མཉམ་དུ་ཟླ་གཅིག །ཉལ་དུས་ལོ་གཅིག་འདྲ་བྱུང་། །དགའ་རོགས་རོགས་མེད་གཅིག་པུར། །ལུས་པའི་རྨི་ལམ་བཏང་བྱུང་། །རང་འདུན་ཡིན་ཟེར་རྒྱུག་དུས། །འཁྱག་ལྟོགས་སྐོམ་གསུམ་མྱོང་སོང་། །གཏུམ་མོ་བཅུད་ལེན་གཉིས་པོ། །ཤེས་མཁན་ཡིན་ན་བསམ་བྱུང་། །བོད་ཀྱི་ཆོས་དང་རིག་གནས། །ད་ལྟ་ཁ་དབང་ཞན་པས། །ཚང་མས་དམའ་འབེབས་ཚིག་མཚོན། །བྱེད་པར་དཔའ་སྤོབས་ཆེ་འདུག །གོང་གིས་གཟིགས་སྐྱོང་ཡོད་འདྲ། །དགོན་སྡེའི་ཕྱག་ཟུང་བརྐྱངས་སོང་། །དམངས་ཀྱིས་ཞལ་འདེབས་ཕུལ་ཡང་། །རང་འདུན་འཁྱག་ལྟོགས་དེ་རང་། །ཏོག་གསར་བཀག་སྡོམ་ཚེ་ལ། །ཕོ་བ་ལྟོགས་རང་མ་བྱུང་། །རྒྱུན་དུ་འགྲོ་སའི་ཇ་ཁང་། །རྨི་ལམ་ཐེངས་མང་བཏང་བྱུང་། །སྲུང་བ་སྨན་དང་ཆོས་དུང་། །སྔ་མོ་བོད་ལ་དར་འདུག །ཏོག་གསར་ཕ་ཡུལ་བོད་མིན། །ད་ལོ་གསར་དུ་སླེབས་སོང་། །བོད་ཀྱི་ནག་པོ་དགུ་སྦྱོར། །ཤ་ཏོག་མར་ཏོག་འདྲ་ཟེར། །དེ་འདྲ་ངོ་མ་ཨེ་རེད། །ཤ་ཏོག་ཙམ་ཞིག་བཞེས་དང་། །སྣུམ་གོང་ཡར་འཕར་མར་འབབ། །ང་ལ་ཕན་གནོད་མི་འདུག །སྒོ་ཙམ་དོན་ས་མེད་དུས། །རླངས་འཁོར་སྣུམ་གྱིས་ཅི་བྱེད། །ན་ནིང་ནག་དགུས་དྲིན་ལས། །ཏོག་གསར་ཏོག་ཙམ་མ་སླེབས། །ད་ལོར་ལྷོད་གཡེང་བྱས་པས། །གློ་བུར་འཇབ་རྒོལ་བྱས་བྱུང་། །ཏོག་གསར་ཏོག་ཙམ་ན་བས། །སྒྲོམ་ཚང་ནང་ལ་ཁྲིད་སོང་། །སྒོར་གཞས་འཁྲབ་རྒྱུ་བསླབ་བྱུང་། །རྩམ་པ་ཟ་རྒྱུ་ཤེས་སོང་། །ད་ལོར་གྲོང་གསེབ་དྲན་དྲན། །སྔར་ནས་འདི་འདྲ་ཡིན་ན། །གྲོང་གསེབ་ཞིང་འབྲོག་གཉིས་པོ། །ཉམས་གུད་འགྲོ་ས་མ་རེད། །ཏོག་གསར་ནད་དུག་ཁོ་ལ། ། བོད་སྨན་ཉིན་ཤས་བཏང་བས། །ཉིང་སྐྱུར་སྲིབ་གཤིས་འགྱུར་སོང་། །ནད་པའི་ན་ཟུག་འཇག་སོང་། །
ཨཀྵརས་སོ། །
ད་ལོའི་ནད་ཡམས་འདི་ཡིས། །གདོང་ལྤགས་གསོ་སྐྱོང་ཐུབ་གི །འཁྱུག་དབྱིངས་ཐད་གཏོང་ནང་ནས། །ཁྱེད་ལས་མཛེས་པ་མི་འདུག །ནད་ཡམས་བཀའ་དྲིན་ཅན་པོས། །ཁྱིམ་མི་མང་པོ་རྙེད་གི །ནང་མི་ཟུར་ལ་བཞག་སྟེ། །“ཅཱ་རན་མན”རྐྱང་རེད་འདུག །ཉིན་རེ་གེ་སར་ཐེངས་རེ། །མཇལ་བའི་བསྐལ་བ་རག་བྱུང་། །དེ་འདྲའི་བསོད་ནམས་བཟང་པོ། །འབྲུག་མོ་ལ་ཡང་ཨ་ཡོད། །སུར་པན་སེམས་ལ་བསྒོམས་ནས། །རྩམ་པ་ཁ་ལ་བཟས་ཡོད། །རྩམ་དྲི་མར་དྲིའི་བར་ནས། །ལྟོགས་པ་རང་ད་མ་བྱུང་། །སྨན་པའི་མཛུབ་མོ་རིང་དྲགས། །ཁྱོད་རང་ལྕེ་ལེབ་ཆེ་དྲགས། །མཛུབ་རྩེ་ལྕེ་རྩེར་ཐུག་དུས། །གདགས་སྲིབ་གང་ཡོང་ལས་རེད། །
མྱུ་གུའི་གླུ་ཆུང་གིས།
ཁྱེད་རང་ཉིང་སྐྱུར་བརྟགས་འབྲས། །གདགས་གཤིས་རེད་འདུག་གསུངས་པས། །སེམས་པ་འཚབ་བེ་འཚུབ་བེ། །ཉལ་བའི་འདུན་པ་མ་བྱུང་། །ཏོག་ནད་ཟེར་སའི་བདུད་དེ། །རྒྱང་ནས་གོ་ཐོས་མ་གཏོགས། །མདུན་གྱི་སྔོ་ཚལ་ཐོག་ཏུ། །ཡོད་བསམ་ཡིད་ལ་མ་ཤར། །མ་གཞི་ནད་དུག་འདི་ལ། །སྐྲག་དགོས་ལར་ནས་མེད་མོད། །ཕྲུ་གུ་དམར་འབྱར་བསམས་ན། །ཡིད་སེམས་དངངས་སྐྲག་ཇེ་ཆེར། །སྐྲག་ནས་བྲོས་སྐད་མ་ཐོས། །འཐབ་ནས་རྒྱལ་རབས་མི་འདུག །གོས་དཀར་ལྷ་རྗེས་གསུངས་ན། །གནས་གཞན་འགྲོ་གྲབས་བྱོས་ཟེར། །བཟའ་ཟླའི་མིག་ཆུ་རྡོག་པོ། །མཁུར་ཚོས་བརྒྱུད་ནས་ལྷུང་སོང་། །ཤ་ཚའི་སྙིང་གཏམ་ཚིག་གསུམ། །སེམས་ཀྱི་གཏིང་ན་ཉལ་ཡོད། །བུ་ཆུང་མིག་མཐའི་ཆུ་བོ། །འགྲམ་རུས་ངོས་ནས་བཞུར་དུས། །སེམས་ཀྱི་མིག་ཆུ་གསོན་པོ། །སྙིང་དང་རུས་ལ་འཐིམས་སོང་། །མར་སེར་རིལ་བུ་ཞིག་དང་། །ནས་དཀར་རྩམ་ཁུག་ཆུང་ཆུང་། །ཕྱུར་བ་རྡོག་རྡོག་ཅིག་བཅས། །ཆུང་མས་སྟ་གོན་བྱས་འདུག །མ་བཅོས་སེམས་ཀྱི་ཀློང་ནས། །དད་འདུན་ཡིད་ཀྱི་མེ་ཏོག །དམངས་ཆེད་ཉིན་མཚན་འདུར་བའི། །དཔའ་བོའི་ཚོགས་ལ་ཤོར་སོང་། །མི་འདོད་ལྟས་ངན་སྣ་ཚོགས། །ཕྱོགས་དང་མཚམས་སུ་ཐོན་མོད། །མི་རིང་རྒྱལ་ཁའི་གཏམ་བཟང་། །ཡོང་བའི་སྨོན་ལམ་ཞུས་ཡོད། །
ནགས་སྐྱ་རེངས།
ཏོག་དབྱིབས་ནད་འབུ་ཁྲ་རིལ། །ཡངས་པའི་རྒྱལ་ཁམས་བསྐོར་དུས། །མི་འཇིགས་གནམ་གྱི་བུ་ཡང་། །ད་ལོ་སིག་སིག་འདར་སོང་། །འདར་བ་ཁོ་ནས་ཅི་ཚད། །མིང་དེ་གོ་བ་ཙམ་དང་། །ཚིག་དེ་མཐོང་བ་ཙམ་གྱིས། །ཟས་ཀྱི་ཡི་ག་ཕྲོགས་སོང་། །ཨོ་ལོ་སྐུ་དབང་བཙན་པོ། །དབུས་གཙང་ཡུལ་དུ་བསླེབས་ཤག །ཨོ་ལོ་འཕྲོད་བསྟེན་ཞན་ཁར། །ཨོ་མི་ཁེ་རུང་འབྱར་འདུག །ཨོ་ལོ་ལོག་དགོས་བསམས་ཀྱང་། །ལོག་རྒྱུ་སེམས་ཐག་རེད་ཤག །ད་ནི་ཕ་ཡུལ་དྲན་དྲན། །སུ་དང་གང་ཡང་མ་དྲན། །འདབ་ཆགས་བྱ་ཡི་ལུས་ལ། །ཐོགས་པའི་གཤོགས་སྒྲོ་ལེབ་མོ། །ང་རང་ཐོགས་ན་སྙམ་བྱུང་། །ཡབ་ཡུམ་གཉིས་ཀྱི་གམ་དུ། །ལོག་རྒྱུ་བྱུང་ན་བསམས་བྱུང་། །ལྷག་བསམ་རི་ལས་ཟབ་ཅིང་། །རང་སྲོག་འབེན་དུ་བཞག་ནས། །གོས་དཀར་ལྷ་རྗེ་རྣམས་དང་། །མི་དམངས་ཉེན་རྟོག་རུ་ཁག །དང་བླངས་དཔའ་པོ་དཔའ་མོ། །ལས་རིགས་ཁག་གི་ལས་མི། །རྟུལ་ཕོད་ཞུམ་པ་མེད་ཅིང་། །སེམས་པ་གཅིག་ཏུ་སྦྲེལད་ནས། །མི་འགྱང་རྒྱལ་ཁའི་བདག་པོ། །ཐེ་ཚོམ་མེད་པར་ལོས་ཡིན། །
ནག་ཤོད་བསྟན་འཛིན་ཉི་མས།
ལང་ཚོ་བརྗེས་པའི་དུས་ཚིགས། །མེ་ཏོག་རིད་པའི་ལོ་ཟླ། །མཛེས་སྡུག་མེད་པའི་ནམ་དུས། །སྐྱོ་སྣང་ཟད་མཐའ་མི་འདུག །སྟོན་རླུང་ངེས་མེད་གཡོས་པས། །ལུས་ཀྱི་བ་སྤུ་འཁྱགས་སོང་། །ལོ་མ་ས་ལ་ལྷུང་བའི། །སྐྱོ་ཉམས་བཟོད་ཐབས་མ་བྱུང་། །སྲོག་གི་ཉེན་བརྡ་བཏང་བས། །ཡིད་སེམས་ནག་ལོང་བཟོས་བྱུང་། །ནམ་གུང་རྨི་ལམ་འཇམ་པོ། །གཏོང་བའི་བསྐལ་བ་བོར་སོང་། །བློ་སྟོབས་རང་ལ་ཡོད་དགོས། །ཡིད་ཆེས་ཁྱོད་ལ་སྤྲད་དགོས། །རེ་བ་རབ་རིབ་འདི་ལ། །ཡིད་ཐང་མ་ཆད་གསུང་བྱུང་། །ནམ་ཟླ་འཁྲུལ་བ་ཡིན་ནམ། །དུས་ཚིགས་འཁྲུག་པ་ཡིན་ནམ། །ལོ་འདིའི་སྟོན་ཁ་འདི་ལ། །མི་ཡོང་དགུ་ཡོང་ཡོང་གིས། །རྩྭ་ཐང་རྫི་གླུ་མེད་ལ། །རི་ཀླུང་ལ་གླུ་མེད་པའི། །སྐྱ་ཆད་སྔོ་སྡུག་ནམ་ཟླ། །ཁོག་སྟོད་གཟེར་བའི་དུས་ཚིགས། །སྡོང་པོ་གཅིག་རེ་གཉིས་རེ། །ལོ་མ་གསུམ་རེ་བཞི་རེ། །སྣང་བ་རྒྱ་ཤོར་ཞིག་གིས། །གླིང་འདིའི་མཛེས་པ་བརླག་སོང་། །དྲོ་ཡང་དྲོ་རྒྱུ་མེད་ལ། །གྲང་ཡང་གྲང་རྒྱུ་མེད་པའི། །ཡ་མེད་སྟོན་རླུང་བསིལ་པོ། །ད་ལོ་ལྡང་སྟངས་ངན་བྱུང་། །སྟོན་ལོ་ལྷུང་བ་སྐྱོ་བྱུང་། །ལྷུང་བའི་འགྲོས་འདི་སྐྱོ་བྱུང་། །རླུང་བུས་ཡུག་གཅིག་འཁྱེར་དུས། །ཞེ་རྩ་གཏིང་ནས་སྐྱོ་བྱུང་། །སྟོན་རླུང་བཙག་ཁ་ཅན་པོ། །ལས་ཀྱི་བར་ཆད་ཡིན་ན། །བར་ཆད་དབྱིངས་རིམ་བཅད་དེ། །ས་མཐའི་ཡུལ་ལ་སྤྲོད་དང་། །ཉི་མ་སྤྲིན་པའི་འོག་ནས། །ཐར་བའི་དུས་ཤིག་ཡོད་ན། །སྤྲིན་དཀར་བསམ་ཤེས་ཅན་ལ། །གུས་ཕྱག་ལན་གསུམ་ཕུལ་ཆོག །
འབྲོག་མོ་ནོར་བུ་སྒྲོན་མས།
ཁྱིམ་དུ་ཟླ་ཞག་བསྡད་དུས། །སུན་པའི་སྡུག་སྐད་ཤོར་སོང། །དུད་འགྲོ་རླུང་ཙིའི་ནང་དུ། །བཅུག་ན་མྱངས་སྡུག་ཨེ་ཚོར། །ཏོག་གསར་ནད་དུག་དེ་རང། །སྡུག་པོ་རང་གདའ་ཨེ་ཡིན། །ནང་མི་བརྩེ་བ་ཟབ་སོང། །རྩམ་པ་འབྲེལ་འདྲིས་ཆེ་སོང། །རིམས་ནད་དེ་ལ་འགོག་ཕྱིར། །ཟླ་ཞག་ཁྱིམ་དུ་བསྡད་དུས། །ཕོ་མོ་དར་གཞོན་མང་པོ། །ཁྱིམ་ལས་འཇོན་པོ་ཆགས་སོང། །
སྤྲིན་མདོག་གིས།
ཁ་སང་དེ་རིང་དུས་སྐབས། །ཁ་རས་རྟག་པར་གྱོན་པས། །ཁ་ལག་ཁ་ལ་འཁྱེར་སྐབས། །ཁ་རས་འཕུད་རྒྱུ་བརྗེད་འདུག །ནད་དུག་མ་བསླེབ་གོང་ནས། །ཤུགས་རྒྱོབ་ཤུགས་རྒྱོབ་ལབ་སོང་། །ནད་དུག་དངོས་སུ་བསླེབས་དུས། །གབ་ས་ཁྱིམ་གྱི་སྦུག་རེད། །གྲོང་པའི་ཨ་ཇོ་བསྟན་པ། །དགའ་རོགས་ཐུག་དགོས་བསམ་སྟེ། །སྒོ་རའི་རྩེ་ནས་མཆོངས་པས། །མི་དགོས་ཉེན་རྟོག་ཕྲད་སོང་། །ཉིང་སྐྱུར་བརྟག་དཔྱད་སྐབས་སུ། །བར་ཐག་རིང་དགོས་ལབ་པས། །མཚན་མོར་སྙིང་གི་མཛའ་མོས། །བར་ཐག་རིང་དགོས་གསུངས་བྱུང་། །བོད་ཐུག་བག་ལེབ་ལ་སོགས། །བྲོ་བ་ཞིམ་ཙམ་ཡོད་ཀྱང་། །ནད་དུག་དངོས་སུ་བསླེབས་དུས། །སྐུ་དྲིན་རྩམ་པ་ཆེ་སོང་། །
ནཊ་ཀྱི་ལྕུག་ཕྲན་གྱིས།
ཏོག་དབྱིབས་ནད་ཀྱི་དུག་རླངས། །ལ་དང་ལུང་པ་རྒལ་ཏེ། །ཕྱོགས་མཚམས་ཏུར་གྱིས་མཆེད་དུས། །ཁ་ལག་ཁོམ་པ་མེད་པའི། །ཨ་ཇོ་སྡུག་ལ་སྦྱར་སོང་། །གཉིད་ཀྱི་ཞིང་མཆོག་དམ་པར། །རེ་བའི་འཆིང་རྒྱ་ཐེབས་པའི། །ང་དང་ང་འདྲའི་སྤུན་ཟླ། །དུས་ཐུང་ཟླ་བ་གཅིག་ལ། །བདེ་སོས་ཅུང་ཟད་སྤྲད་བྱུང་། །གསེར་རི་དངུལ་རི་ཡིན་པའི། །ལ་ལུང་རྩབ་རྩིབས་ཀུན་ལ། །ས་མཐོའི་གཡང་ར་སྒོ་བཞི། །ལྷས་རར་འཁོར་ཁོམ་མེད་པ། །རྩེད་དགར་གཡེང་ལ་རོལ་འདུག །དལ་འབྱོར་མི་ཡི་ལུས་པོ། །ཁང་ཁྱིམ་དྲོད་མོའི་སྦུག་མར། །གནས་སོས་བདེ་ལ་མི་འཁོར། །གང་བྱུང་རྒྱུགས་འདུར་ཆེ་བ། །ཡམས་ནད་མྱོང་འདོད་ཡིན་ཨང་། །
ཏཱ་དབེན་ཤེར་དབང་གིས།
མཐོ་སྒང་གོ་ལའི་དཀྱིལ་རུམ། །ཏོག་གསར་ངར་སྐད་སློང་དུས། །ལྷས་ཁྱིམ་གྲུ་བཞིའི་ནང་དུ། །སྡོད་བཞིན་རྒྱལ་ཁ་ཐོབ་འགྲོ། །མ་བགོས་སྤྱི་ལ་བཞག་པའི། །བྱེད་ཐབས་ཚན་རིག་སྒྲོན་མེ། །མཐོ་བསིལ་ཞིང་དུ་སྤར་ནས། །འགོས་ཡམས་མུན་པ་དག་སོང་། །ཚད་མཐོའི་མི་སྣ་སྟོང་གིས། །ལྷག་བསམ་དམངས་ལ་སྲིང་སྟེ། །ཉིན་མཚན་ཁྱད་མེད་ལས་ལ། །བརྩོན་པའི་རྒྱལ་ཁ་ཐོབ་ཡོད། །
རྔུལ་རྫའི་བྲག་གིས།
ཆོས་དུང་བུས་པ་སྙན་བྱུང་། །རྣ་བ་བསང་ནས་ཉན་ཡོད། །འོན་ཀྱང་ཏོག་དབྱིབས་ནད་འབུ། །དུང་ལ་འདྲོག་ས་མ་རེད། །ཏོག་དབྱིབས་ནད་ཀྱི་གནོད་པ། །ཤོད་ཚོད་ལར་ནས་མི་འདུག།ལུགས་མཐུན་བཟའ་ཚང་ཡིན་ཡང་། །སྡོམ་པ་སྲུང་དགོས་ཐུག་བཞག །ཐབ་ཚང་ཨ་མའི་སྡུག་སྐད། །ནམ་ལངས་མུན་ལ་གཏུགས་སོང་། །ཁྱིམ་མི་སྒྲོམ་ཚང་སླེབས་རྗེས། །ད་གཟོད་ཞབས་བྲོ་འཁྲབ་སོང་། །གསར་འགྱུར་ཆར་རྗེས་ཤ་མོང་། །དོ་ཁུར་བྱེད་མཁན་ཉུང་སོང་། །དྲྭ་གྲགས་མེ་ཏོག་ལྷ་མོས། །རྐུབ་ཆུ་འཐུང་སར་བལྟ་གིས། །ནམ་རྒྱུན་ཞིང་འབྲོག་མང་ཚོགས། །རྗེས་ལུས་རེད་ཟེར་གླེང་ཡང་། །ད་ལོ་ནད་ཡམས་ཐོན་རྗེས། །ཡིད་སྨོན་བྱེད་ས་གྲོང་གསེབ། །
བྱང་འཇག་སྨྱུག་གིས།
Leave a Reply