རོང་བོ་དགེ་འདུན་ལྷུན་གྲུབ་ཀྱི་མི་ཚེའི་ཟུར།

བོན་རྒྱ་བསྟན་འཛིན་རབ་རྒྱས།

རོངབོ་དགེ་འདུན་ལྷུན་གྲུབ་ཀྱི་ལོ་རྒྱུས་སྙིང་བསྡུས།

རོང་བོ་དགེ་འདུན་ལྷུན་གྲུབ་ལགས་སྤྱི་ལོ་ 1974 ལོར་རེབ་གོང་མདོ་བ་འབྲོག་ནས་སྐྱེས། གྲྭ་པ་བྱས་ཏེ་དར་ཞིང་དགོན་པར་ཞུགས་ཤིང་། རིམ་གྱིས་རེབ་གོང་རོང་བོ་དགོན་ཆེན་དང་། བླ་བྲང་བཀྲ་ཤིས་འཁྱིལ། གསེར་རྟ་བླ་རུང་བཅས་སུ་ཚོགས་ཞུགས་དང་ཟུར་ཞུགས་གང་རུང་གི་ལམ་ནས་སློབ་གཉེར་བྱས། དྲ་མིང་དང་སྨྱུག་མིང་ལ་གཟའ་དང་། དགེ་སྨྱོན། ལྷམ་ཀོག་སོགས་བཀོད་ནས་ད་ལྟའི་བར་དུ་རྩོམ་ཡིག་འབོར་ཆེན་བྲིས་ཏེ། ལོ་རབས་དགུ་བཅུ་བ་ནས་བཟུང་གསར་རྩོམ་དང་རྩོམ་སྒྲིག དཔེ་ཀློག་དང་དཔེ་ཁྲིད་བཅས་ཀྱི་ལས་སུ་ཞུགས་ཡོད།

ད་ལྟའི་བར་དུ་ <<རྐང་གླིང་སྐྱ་བོ>> དང་། <<ལྷ་ཆེན་པོའི་སྙན་ངག>> <<ཕྲེང་བ་ནག་པོ>> <<མི་ཚེའི་དབྱངས་རྟ>> <<གླེགས་བམ་དཀར་བོ>> <<འཁོར་བ་>>སོགས་སྙན་ངག་རྐྱང་བའི་དེབ་དྲུག་བཏོན་ཡོད། སྒྲུང་རྩོམ་དང་དཔྱད་རྩོམ་སོགས་རིགས་ཚན་གཞན་གྱི་སྐོར་ལའང་དེབ་འགའ་ཡོད་པར་ཐོས་ནའང་ད་དུང་དཔར་བསྐྲུན་བྱས་མི་འདུག

ལོ་ངོ་ཉི་ཤུ་ལྷག་གི་རིང་སྐྱ་སེར་རིས་མེད་ཀྱི་སློབ་གཉེར་བ་སྟོང་ཕྲག་ཉེ་བར་ཐུན་མོང་རིག་གནས་འཆད་ཁྲིད་གནང་བ་རེད། དྲ་ལམ་རིག་གནས་དར་བ་ནས་བཟུང་དྲ་ལམ་གྱི་ཟིན་བྲིས་པ་རྩེ་ཕུད་དང་སྙན་ངག་པ། དཔྱད་བརྗོད་པ་བཅས་བོད་ཀྱི་ཐུན་མོང་རིག་གནས་ཀྱི་གཞི་རྐང་འཛིན་མཁན་ཞིག་རེད། ཁོང་ལ་སྔ་ཕྱིར་རྒྱ་གཞུང་གིས་འདྲི་གཅོད་དང་བཀག་བསྐྱིལ་ལན་མང་བྱས་མྱོང་ཞིང་། སྤྱི་ལོ་ ༢༠༢༠ ལོའི་ཟླ་ ༡༢ ཆེས་ ༢ ཉིན། ཁོང་རྒྱ་གཞུང་གིས་བཙན་འཁྲིད་བྱས་པའི་གནས་ཚུལ་ཤེས་རྟོགས་བྱུང་བ་ལས་ད་ལྟ་གར་ཡོད་ཀྱི་གནས་ཚུལ་ཤེས་ཀྱི་མེད།

དང་པོ། ཀླད་ཀྱི་བསམ་འདུན།

རྒྱལ་སྤྱིའི་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ནས་རྩོམ་པ་པོ་རོང་བོ་དགེ་འདུན་ལྷུན་གྲུབ་བམ་ལྷམ་ཀོག་ལགས་ངོ་སྤྲོད་ཀྱི་རྩོམ་ཞིག་བྲིས་ནས་སྐུར་དགོས་པར་གསུངས་པས། ངས་ཉིན་ཤས་རིང་བསམ་བློ་བཏང་བ་ཡིན། ཁོང་ནི་བོད་རིགས་ལས་བྱེད་རྒྱ་གཞུང་གི་ལྕགས་ཕོར་ཅན་ཚོ་དང་། བོད་རིག་པ་བའམ་རྒྱ་གཞུང་གི་རྣམ་གྲངས་འཕྲོག་རྩོད་ཀྱིས་དཔེ་རྙིང་བསྐྱར་དཔར་ལྷུར་ལེན་པ་དང་། རྒྱ་དམར་གཞུང་གི་དུས་ཆེན་རེ་རེ་བཞིན་ཀ་ཁ་སུམ་ཅུས་ཁ་བཏགས་བཟོ་མཁན་གྱི་སྙན་ངག་པ་ཡིན་ཟེར་བ་ཚོ་དང་ཡེ་ནས་མི་འདྲ་བའི་ཤེས་ཡོན་པ་ཞིག་རེད། འདི་འདྲའི་ཤེས་ཡོན་པ་མང་པོ་མེད་ལ། རེ་ཟུང་ཡོད་པ་རྣམས་ལ་དཀའ་ངལ་འཕར་མ་འཕྲད་ཀྱིན་ཡོད། ཆབ་སྲིད་དང་འབྲེལ་བ་ཅི་ཡང་མེད་བཞིན་དུ་ཆབ་སྲིད་ཀྱི་ཞྭ་མོ་སྣ་ཚོགས་གཡོགས་ནས་ཁྲིད་འགྲོ་གིན་འདུག ལྷུན་འགྲུབ་ལགས་ལ་མཚོན་ནའང་བོད་ཀྱི་ཤེས་ཡོན་པ་གཤའ་མ་ཞིག་ལས་ཆབ་སྲིད་དང་འབྲེལ་བ་ཅི་ཡང་མེད་པའི་སྙན་ངག་པ་ཞིག་རེད། ཡིན་ནའང་། ཁོ་ལ་སྡུག་བསྔལ་ཡོད་པ་རེད། བཙན་འོག་གི་མི་རིགས་ཤིག་ལ་མཚོན་ན། ཤེས་ཡོན་ཅི་ལྟར་ཆེ་ན་སྡུག་བསྔལ་དེ་ལྟར་ཆེ་བ་ཡོད་པ་རེད། ལྷག་པར་སྙན་ངག་པ་ཞེས་པ་ནི་སྡུག་བསྔལ་ཁུར་དུ་བླངས་ནས་ཚོར་བས་མྱངས་མཁན་ཞིག་ལ་ཟེར་ཞིང་། ལྷུན་གྲུབ་ལགས་ནི་དེའི་དཔེ་མཚོན་ཡག་ཤོས་རེད། ཁོང་གི་སྙན་ངག་དག་བཀླགས་ན་བར་མཚམས་མེད་པར་སེམས་པ་བརླན་པར་བྱེད་པ་ཡིན།

ལྷུན་གྲུབ་ལགས་མི་བློ་ཁོག་ཅན་ཞིག་མ་རེད། ཀ་ཁ་སུམ་ཅུས་ཁ་བཏགས་བཟོ་བར་ཧ་ཅང་སྐྲག་མཁན་ཞིག་རེད། “བཞད་གད་ཙམ་དང་སྲོག་ཕྱིར་སྐྱབས་མི་གཏོང་”ཞེས་པའི་སྐྱབས་འགྲོའི་བསླབ་བྱ་ནན་ཏན་དུ་བསྲུང་མཁན་ཞིག་རེད། བླ་མ་ལ་འགལ་བར་དམྱལ་བར་སྐྲག་ཅིང་རིག་གནས་ལ་འགལ་བར་རྒྱུ་འབྲས་ལ་སྐྲག་མཁན་ཞིག་རེད། ཆོས་དང་རིག་གནས། མི་རིགས་དང་བཅས་པ་གཉན་འཕྲང་གི་དུས་སུ་རྒྱུ་འབྲས་བསྣོགས་པའི་སྙིང་ཁམས་ཁོ་ལ་ཡོད་པ་མ་རེད། ལྷུན་གྲུབ་དང་ལྷུན་གྲུབ་ལྟ་བུ་ཚོས་རང་སེམས་ཀྱི་མནར་གཅོད་དང་རིགས་ཞེན། རེ་བ་དང་སྨོན་འདུན་ཡོད་ཚད་སྙན་ངག་ལ་དྲངས་ནས་འཕགས་པ་རྟག་ཏུ་ངུའི་སྐྱེ་བ་བླངས་ཡོད་པ་རེད། ཁོང་གླེང་ན་བོད་ཀྱི་རིག་གནས་དང་སྙན་ངག་གླེང་དགོས་པས། ང་ལ་སྙན་ངག་པ་ཁོང་གླེང་བའི་ཤེས་ཚད་དང་འབྲི་རྩལ་གཉིས་ཀ་མེད། ཡིན་ནའང་། ལས་དབང་ངམ་རྒྱུ་རྐྱེན་སྣ་མང་ཞིག་གི་ཐད་ནས་ཁོང་ལ་ཆ་རྒྱུས་ཅུང་ཡོད་པས་རྩོམ་ཡིག་འདིའི་དབུ་བཙུགས་པ་ཡིན།

གཉིས་པ། ཐོག་མར་ངོ་ཤེས་ཚུལ།

རོང་བོ་དགེ་འདུན་ལྷུན་གྲུབ་ལགས་ངས་ཆུང་དུས་ནས་ངོ་ཤེས་པ་མ་ཟད། ཁོང་གི་མི་ཚེའི་སློབ་གཉེར་དང་རིག་གཞུང་གི་བྱ་བ་རྣམས་ལའང་ཆ་རྒྱུས་ཅུང་ཟད་ཡོད། ཁོང་ནི་རེབ་གོང་མདོ་བ་ཁྱི་རྔ་སྡེ་བའི་བསོད་ནམས་ཚེ་རིང་འབྲི་བརྒྱ་མ་ཚང་གི་རེད། ཁོའི་གཞིས་དགོན་ཡང་ངའི་དགེ་རྒན་བཀའ་དྲིན་ཅན་གྱི་གཞིས་དགོན་དར་ཞིང་དགོན་པ་ཡིན་པ་མ་ཟད། ངའི་དགེ་རྒན་རིན་པོ་ཆེའི་གྲོགས་པོ་དང་ཕྱིས་སུ་སློབ་མར་གྱུར་བ་ཞིག་རེད། ངེད་ཚོས་ལྷན་དུ་དགེ་རྒན་རིན་པོ་ཆེའི་མདུན་ནས་དཔེ་ཁྲིད་ཞུས་ཏེ། མཉམ་དུ་དཀའ་བའི་གནད་ལ་བརྒལ་བརྟག་དང་བསམ་ཚུལ་འབུལ་རེས་བྱས་མྱོང་ཡོད། དགེ་རྒན་རིན་པོ་ཆེས་ཀྱང་ནམ་རྒྱུན་སྙན་ངག་པ་ཁོང་རིག་ཡག་ཡིན་རབས་གསུངས་པ་མ་ཟད། དོན་གནད་གང་ཅིར་གྲོས་བསྡུར་སའི་སློབ་མ་ཞིག་ཡིན།

རྣམ་འགྲེལ་སྐབས་ནས་བཟུང་ངེད་གཉིས་འཛིན་གྲྭ་གཅིག་པར་གྱུར་ཞིང་། མཉམ་དུ་རིགས་ལམ་གྱི་མེ་ཏོག་བཏུས་ཏེ། རྣམ་དཔྱོད་ཀྱི་རྣོ་དབལ་བརྡར་རེས་བྱས་མྱོང་། ཐུན་མོང་རིག་གནས་ཀྱི་ཐད་ཁོང་དེ་དུས་ནས་བོད་ཁུལ་གྱི་དུས་དེབ་ཆེ་གྲས་དག་གི་རྐང་འཛིན་རྩོམ་པ་པོ་ཡིན་པ་མ་ཟད། རེབ་གོང་གི་མཚན་སྙན་ཁུར་བའི་གཞོན་རབས་སྙན་ངག་པའི་གྲས་རེད། ཁོང་གིས་རེབ་གོང་ནས་མཚན་ཉིད་ཀྱི་གཞུང་ལ་མ་སྦྱངས་པའི་སྔོན་དུ། ལོ་བཅུ་གྲངས་ཤིག་ལ་བླ་བྲང་དང་རེབ་གོང་རེས་མོས་ཀྱིས་འགྲིམས་ནས་ཐུན་མོང་རིག་གནས་ཤ་སྟག་ལ་སྦྱངས་པ་གནང་བ་རེད། སྐབས་དེ་དུས་ནས་ཐུན་མོང་རིག་གནས་སྐོར་ལ་དཔེ་ཁྲིད་ཀྱང་གནང་གིན་འདུག

གསུམ་པ། ཕག་ལོ་བ། ངས་ཁྱོད་ལ་འདྲི།

སྐབས་དེ་ཤེད་ཅིག་ལ་ཁོང་གིས་<<ཕག་ལོ་བ། ངས་ཁྱེད་ལ་འདྲི། >>ཞེས་པའི་སྙན་ངག་དེ་བྲིས་ཤིང་།ཡིད་བཞིན་ནོར་བུའི་དགུང་སྙིང་ལ་བདག་སྒྲ་སྦྱར་ཏེ། བླ་སློབ་དབར་གྱི་དྲན་གདུང་དང་སྐྱིད་སྡུག གནས་བབ་སོགས་ཞུས་པའི་སྙན་ངག་དེར་ཀློག་པ་པོས་དགའ་བསུ་ཆེན་པོ་བྱས་པ་མ་ཟད། རྩོམ་རིག་སྒྱུ་རྩལ་ལ་དོ་སྣང་མེད་མཁན་ང་ལྟ་བུ་རྣམས་ཀྱིས་ཀྱང་དོ་སྣང་བྱེད་ས་ཞིག་ཏུ་གྱུར། སྙན་ངག་དེ་འབྲེལ་ཕག་ལོ་བ་དང་གླང་ལོ་བ་སོགས་ལོ་རྟགས་ལ་བདག་སྒྲ་སྦྱར་བའི་སྙན་ངག་མང་པོ་ཐོན། སྙན་ངག་འདིའི་རིགས་ཐོག་མར་འབྲི་མཁན་ནི། སྙན་ངག་པ་འདས་པོ་ཁྲི་བློ་གྲོས་ཡིན་པར་ཐོས་མོད། རོང་བོ་དགེ་འདུན་ལྷུན་གྲུབ་ལགས་ཀྱི་ཕག་ལོ་བ་ལྟར་ཤུགས་རྐྱེན་ཆེན་པོ་བྱུང་མེད། རོང་བོ་དགེ་འདུན་ལྷུན་གྲུབ་ལགས་ཀྱིས་<<ཕག་ལོ་བ། ངས་ཁྱེད་ལ་འདྲི་>>ཞེས་པའི་སྙན་ངག་ཁ་ཤས་བྲིས་པར་དྲན་པ་ལས། སྙན་ངག་གཅིག་འདིར་འདྲེན་བཀོད་བྱེད། སྙན་ངག་འདི་ལས་ད་གཟོད་སྙན་ངག་ཅེས་པའི་ཚིག་གི་སྙན་ཆ་དང་དོན་གྱི་ཟབ་ཚད། ཚོར་བའི་རྣོ་ངར། རིགས་ཀྱི་ཞེན་པ་བཅས་གསལ་བོར་མཐོང་བ་ཞིག་རེད། བརྩེ་བའི་ཀློག་མཁན་རྣམ་པ། སྔོན་འགྲོའི་རོལ་དབྱངས་ཀྱི་ཚུལ་དུ་སྙན་ངག་འདིའི་གདངས་སུ་འཇུག་པར་མཛོད།

<<ཕག་ལོ་བ། ངས་ཁྱེད་ལ་འདྲི།>>

རོང་པོ་དགེ་འདུན་ལྷུན་གྲུབ།

ཕག་ལོ་བ། ངས་ཁྱེད་ལ་འདྲི
ཁྱེད་ཀྱི་ཕ་ཡུལ་གང་ན་ཡོད
ཁྱེད་ཀྱི་ཕོ་བྲང་གང་ན་ཡོད
ད་ལྟ་ཁྱེད་ཀྱི་གསེར་ཁྲི་སེར་པོའི་ཡང་སྟེང་ལ
ངེད་ཅག་གིས་ལག་པ་འདར་གྱིན་རྡུལ་ཕྱགས་རྒྱག་གིན་ཡོད
ཁྱེད་རང་ག་དུས་ཤིག་ལ
དབུ་སྐྲ་དཀར་པོ་བརྩེ་བས་སྒུལ་བཞིན
འཛུམ་མདངས་དཀར་པོ་སྐྱོ་བས་སྒུལ་བཞིན
སྤྲིན་དཀར་པོ་ཞིག་གི་ཀློང་ནས་ཕེབས་སྲིད་དམ

ཕག་ལོ་བ། ངས་ཁྱེད་ལ་འདྲི།
ཁྱེད་རང་གང་དུ་ཐོན་ས་ནས
ངའི་མི་རིགས་སྐྱོབ་རོགས
ངའི་རིག་གཞུང་དང་ཆོས་ལུགས་སྐྱོབ་རོགས་ཞེས
བྱིན་པ་གུག་གུག་དང་དབུ་ལོ་ལྡེམ་ལྡེམ་གྱིས
སྐྱོ་བ་ཡོངས་རྫོགས་ཁོག་ལ་བཅུག་ནས
སྐབས་རེ་དབུགས་རིང་གྲང་མོ་ཕྱི་རུ་གཏོང་གིན
སོར་མོ་སྙིང་གར་སྦྱར་ནས
ལོ་ན་བདུན་བཅུའི་ལུས་པོ་ཤུགས་ཀྱིས་བཏེགས་ནས
ཉིན་དང་མཚན དབྱར་དང་དགུན
གང་ལ་འང་བལྟས་པ་མེད་པར
ཕེབས་བཞིན་པ་ངེད་ཅག་གིས་མཐོང་ཡོད
ངེད་ཅག་གིས་ཀྱང་མགོ་བོ་རུམ་ལ་བཅུག་ནས
སུས་ཀྱང་མི་ཚོར་བའི་ངང་ནས
ཁྱེད་ཀྱི་སྐུ་ཚེ་རིང་བའི་སྨོན་ལམ་འདེབས་བཞིན་ཡོད།

སྙན་ངག་འདི་ལས་རྩོམ་པ་པོའི་བསམ་བློ་དང་སྙན་ངག་གི་རྩལ་བཅས་ངེས་ཤེས་འདྲོངས་ནུས་པ་ཞིག་རེད་སྙམ། འདི་ནི་རིགས་སད་པའི་སྙན་ངག་པ་ཞིག་གི་བསམ་བློ་ལས་ཆབ་སྲིད་གང་ཡང་མ་རེད། བོད་ཀྱི་ཆོས་དང་རིག་གཞུང་ལ་ཕྱི་རྒྱུས་ནང་རྒྱུས་ཡོད་པ་དང་། དེའི་བསླངས་པའི་ཤེས་རབ་དང་ཚོར་བ་ཡོད་པའི་རྟགས་མངོན་པར་གསལ་བ་དང་། སྙན་ངག་འདིའི་མགོ་ནས་མཇུག་བར་དུ་མི་སྒེར་གྱི་ཆོས་དད་ཀྱིས་ཟིན་པ་ཞིག་རེད། ཡིན་ནའང་། སྙན་ངག་པའི་ཆོས་དད་མི་རིགས་ཀྱི་ཆོས་དད་དང་། སྙན་ངག་པའི་ཚོར་བའང་མི་རིགས་ཀྱི་ཚོར་བ་ཡིན་པ་ནི། སྙན་ངག་པ་ལས་ངན་ཚོའི་ལས་དབང་ཞིག་དང་མནར་གཅོད་ཅིག ཡང་ན་སྙན་ངག་པའི་སྒལ་ཚིགས་དང་ཤེས་རབ་རེད།

ཆོས་དད་ཀྱིས་ཟིན་པའི་སྙན་ངག་ལ་ཆོས་མེད་གཞུང་གིས་ཉན་འདོད་མེད་པར་ངོས་ལེན་ཐུབ་ཀྱང་། ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་ཅན་པོ་རྨི་ལམ་ངོ་མ་ཡིན་ན། ཆོས་དད་ནི་ཆོས་པའི་ཚོར་བ་རེད། ཆོས་པ་མ་བསད་ན་ཆོས་པའི་ཚོར་བ་གསོད་མི་ཐུབ་ལ། མི་རིགས་མ་བསད་ན་མི་རིགས་ཀྱི་ཚོར་བའང་གསོད་མི་ཐུབ། མི་རིགས་ཀྱི་ཚོར་བ་མ་བསད་ན་མི་རིགས་ཀྱི་སྙན་ངག་ཀྱང་གསོད་མི་ཐུབ། མི་རིགས་ཀྱི་སྙན་ངག་མ་བསད་ན་རིག་གནས་དང་སྐད་བརྡའང་གསོད་མི་ཐུབ་པའི་གནས་ལུགས་འདི། ཆབ་སྲིད་པར་མི་འཚམས་ཤིང་མི་འདོད་ནའང་། ཆོས་ཉིད་ཀྱི་རིགས་ལམ་ཞིག་རེད། ལྷག་པར་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་ན་ཆོས་དད་ལ་ཀྲུང་གོས་ངོས་ལེན་བྱེད་རྒྱུ་ནི་སྔོན་དུ་འགྲོ་བ་མཐའ་དག་གི་མ་མ་ལྟ་བུ་རེད།

རྩོམ་པ་པོ་འོད་ཟེར་ལགས་ཀྱི་<<བོད་ཀྱི་དྲན་པ།>> <<西藏记忆 ལས། ༼ཤོག་གྲངས་ 272 དང་ 273 ༽
“གུང་ཁྲན་ཏང་(དམར་ཤོག་ཚོགས་པ།)ནི་དངོས་གནས་རླབས་ཆེན་རེད། རླབས་ཆེན་གྱི་ “ཞྭ་མོའི་” བཟོ་གྲྭ་རང་རེད། ལོ་རབས་ལྔ་བཅུ་ནས་དུས་དེང་སང་བར་མིང་འདྲ་མིན་སྣ་ཚོགས་ཀྱི་ “ཞྭ་མོ་” རྫོགས་རྒྱུ་མེད། དེང་སང་མཐོང་མང་ཤོས་ཀྱི་ “ཞྭ་མོ་” ནི་ས་གནས་མི་རིགས་རིང་ལུགས་ཞེས་པ་དེ་ཡིན་པ་དང་། ཞྭ་མོ་དེ་ད་དུང་ཆུང་ཆུང་ཡིན་ཞིང་། དེ་ལས་ཆེ་བའི་ “ཞྭ་མོ་” ཞིག་ཡོད་པ་དེའི་མིང་ལ་མི་རིགས་ཁ་བྲལ་རིང་ལུགས་ཟེར་གྱི་ཡོད། ཉེ་བའི་ལོ་ཤས་ནང་ཡིག་ཐོག་ཏུ་གཏན་འབེབས་མེད་པའི་གཞུང་ཕྱོགས་ཀྱི་ཤོད་སྟངས་ཤིག་འདུག་པ་ནི། བོད་ཡིག་གི་ཆུ་ཚད་ཇི་ཙམ་མཐོ་བ་དང་། ཆོས་ལུགས་ཀྱི་འདུ་ཤེས་ཇི་ཙམ་ཟབ་ན་དེ་ཙམ་གྱི་བསམ་བློ་ལོག་སྤྱོད་རེད་ཅེས་ཤོད་ཀྱི་ཡོད་པ་དེ་རེད། ” ཅེས་བཤད་པ་ལྟར། ལྷུན་གྲུབ་ལགས་ལ་ཞྭ་མོ་གང་ཞིག་གཡོགས་ཡོད་མེད་བཤད་དཀའ་ནའང་འཛིན་རྐྱེན་ངོ་མ་ནི། བོད་ཀྱི་རིག་གནས་ལ་མཁས་པ་དང་རིགས་པའི་རྗེས་འབྲངས་ཀྱི་ཆོས་དད་ཆེ་བ་གཉིས་ལས་རྐྱེན་གཞན་ཡོད་མི་སྲིད།

ཁོང་ནི་སྲོལ་རྒྱུན་སྙན་ངག་དང་སྙན་ངག་གསར་བ། སྙན་ངག་གསར་བ་ལས་ཀྱང་ཁ་གསལ་བ་དང་མི་གསལ་བ་ཚང་མ་འབྲི་མཁན་གྱི་སྙན་ངག་པ་ཞིག་རེད། སྙན་ངག་འདིའང་ཧ་ཅང་ཁ་གསལ་བའི་རིགས་ཀྱི་སྙན་ངག་ཅིག་རེད། ཡིན་ནའང་། ཁོང་གི་སྙན་ངག་དག་ལ་གོ་དཀའ་རབས་ཀྱི་སྡུག་ཡུས་འདོན་པའི་ཀློག་པ་པོ་ཤིན་ཏུ་མོད། སྙན་ངག་གསར་བའི་གོ་དཀའ་སླའམ་ཁ་གསལ་མི་གསལ་ནི་འབྲི་སྟངས་ཤིག་གམ། མེ་ལོང་མར་དཔེ་བླངས་ནས་བཤད་ན་རྒྱན་གྱི་རིགས་ཤིག་སྟེ། བརྗོད་སྟངས་མི་འདྲ་བའི་རིགས་ཤིག་རེད། མེ་ལོང་མར་སྦྱངས་ན་རྒྱན་ཚང་མར་སྦྱངས་དགོས་པ་ལྟར། སྙན་ངག་གསར་བ་སྦྱངས་ནའང་ཚང་མར་སྦྱངས་རྒྱུ་གལ་ཆེ་བ་རེད། དེ་མིན་མ་བསླབ་པའི་འབྲས་བུར་མི་ཤེས་པ་སྐྱེ་བ་ནི་ཆོས་ཉིད་ཀྱི་རིགས་པ་དང་མཐུན་པ་ཞིག་རེད། དེ་ལ་སྡུག་ཡུས་དང་བཙན་དབང་གིས་ཁ་ལོ་བསྒྱུར་མི་ཐུབ།

མདོར་ན། གྲྭ་བཙུན་གྱི་ཁྲོད་དུ་དེང་རབས་སྙན་ངག་པ་ཁོང་ལྟ་བུ་གཅིག་གཉིས་རེ་ལས་མེད་ལ། སྲོལ་རྒྱུན་གྱི་རིག་གནས་ཤེས་ཚད་མཐོན་པོར་སླེབས་རྗེས་མཁྲེགས་འཛིན་མི་བྱེད་པར་སྙན་ངག་གསར་བ་ལ་ངོས་ལེན་དང་སློབ་སྦྱོང་། ལག་ལེན་བྱེད་པ་བཅས་ནི། ལྷུན་གྲུབ་ལྟ་བུའི་ཁ་ཤས་ཀྱི་བློ་རྒྱས་ཆུམས་པ་ལས། བླ་རྒན་ཚོས་ཤེས་རྒྱ་བསྐྱེད་ཀྱིན་བསྐྱེད་ཀྱིན་ཀླད་པ་ཇེ་མཁྲེགས་ཇེ་མཁྲེགས་དང་། རང་གི་རིག་གནས་ལ་འདང་ཇེ་ཆེ་ཇེ་ཆེ། རིག་གནས་གཞན་ལ་དགག་པ་ཇེ་མང་ཇེ་མང་ལ་འགྲོ་བའི་སྣང་ཚུལ་ཞིག་ང་ཚོས་མཐོང་གསལ་ལྟར་རེད། འདི་ཚོས་འཁོར་བ་ལ་སྙིང་བོ་མེད་པར་མ་མཐོང་བའི་སྔོན་དུ་རིག་གནས་གཞན་ལ་སྙིང་བོ་མེད་པར་མཐོང་གི་ཨེ་ཡོད་དམ་སྙམ་པའི་དོགས་པ་ཞིག་རང་ཤུགས་ཀྱིས་འཁོར་བ་ཡིན། ཡིན་ནའང་། ལྷུན་འགྲུབ་ལགས་རྒས་ཀྱིན་རྒས་ཀྱིན་ལྟ་བ་མཉམ་གནས་དང་རིག་གནས་མཉམ་གནས་ལ་དང་བ་ཆེ་ནས་ཆེ་རུ་འགྲོ་བའི་སྣང་ཚུལ་ཞིག་རྒྱུན་པར་མཐོང་བས། ངས་ཁོང་གི་དང་ལེན་གྱི་བློ་རྒྱ་ལ་ཡི་རངས་བྱེད་ཀྱིན་ཡོད།

བཞི་པ། གསེར་ཟམ་དང་རྐང་གླིང་སྐྱ་བོ།

ཁོང་དང་ཁོང་གི་གྲོགས་པོ་རྩེ་སྨིན་གྲོལ་གཉིས་གཙོས་སྐོར་ཁག་ཅིག་གིས་རེབ་གོང་ནས་སྒེར་གཉེར་དུས་དེབ་ཐོག་མ་<<གསེར་ཟམ།>>ཞེས་པ་འདོན་སྤེལ་གནང་བ་རེད། དེ་ནི་བོད་ཁུལ་གྱི་སྒེར་གཉེར་དུས་དེབ་ཐོག་མའི་གྲས་རེད། དེའི་སྔ་གཞུག་ཅིག་ལ་ཁོང་གི་གྲོགས་པོ་སྙན་ངག་པ་རྩེ་སྨིན་གྲོལ་དང་ཁོང་གཉིས་ཀྱིས་སྤྱི་མིང་ལ་<<འབྲོང་གཡག་གི་ཧུར་སྒྲ་>>ཞེས་བཏགས་པའི་སྙན་དེབ་གློ་ཁ་གཉིས་བཏོན་ཞིང་། དེ་ལས་ཁོང་གི་དེབ་ཀྱི་སྒེར་མིང་ལ་<<རྐང་གླིང་སྐྱ་བོ་>>ཞེས་བཏགས་ཡོད་ལ་མང་ཆེ་བ་ཚིགས་བཅད་ཀྱིས་གྲུབ་པར་དྲན། སྙན་དེབ་དེ་གཉིས་རེབ་གོང་གི་སྒེར་དེབ་ཐོག་མའི་གྲས་ཤིག་ཡིན་ལ། སྙན་དེབ་གློ་རིས་མ་གཉིས་ཞེས་ཀུན་གྱི་གླེང་གཞིར་གྱུར། ལྷག་པར་དེབ་དེའི་ནང་དུ་ཁོང་གསེར་རྟ་ལ་འགྲོ་བའི་ལམ་བར་གྱི་དངོས་བྲིས་ལྟ་བུའི་བརྩེ་དུང་གི་སྙན་ངག་ཅིག་ཡོད་པ་དེ། གོ་སླ་བ་དང་སྙན་ཆའི་རྩལ་ཕུན་སུམ་ཚོགས་པས་མི་ཚང་མས་བློར་འགྲོ་བའི་སྙན་ངག་ཅིག་ཡིན།

ཁོང་ནི་མི་མང་འཚོགས་ས་ནས་རིས་མེད་མ་ཎི་འདོན་འདོན་དང་། ལྐོག་ནས་ཆོས་བརྒྱུད་གཞན་ལ་དགུ་གཏོར་ཆར་བ་འབབ་འབབ་བྱེད་མཁན་ཞིག་མིན་པར། རིག་གནས་དང་ལྟ་བ་མཉམ་གནས་ལ་སྨོན་པ་ཆེན་པོ་ཅན་ཞིག་ཡིན། ལྷག་པར་ཆོས་བརྒྱུད་རིས་མེད་ཀྱི་ལྟ་གྲུབ་དང་སྐྱ་སེར་རིས་མེད་ཀྱི་རིག་གནས་ལ་ཤེས་རྟོགས་དང་རྒྱུས་ལོན་དགོས་པའི་བསམ་བློ་ཅན་ཞིག་ཡིན་པས། ཁོས་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་བཞག་ནས་གསེར་རྟ་སྒར་ལ་དཔེ་ཆ་ལྟ་བར་ཕྱིན་པ་རེད།

ལྔ་པ། ལྷ་ཆེན་པོའི་སྙན་ངག་དང་ཕྲེང་བ་ནག་པོ།

བར་སྐབས་ཤིག་ལ། ཁོང་གིས་རྩོམ་པ་པོ་ལྗང་བུའི་སྙན་ངག་ལ་དཔེ་ལྟོས་ཀྱི་སྙན་ངག་ཤ་སྟག་གིས་གྲུབ་པའི་<<ལྷ་ཆེན་པོའི་སྙན་ངག>>ཅེས་པ་འགྲེམས་སྤེལ་གནང་ཞིང་། ཧ་ཅང་གོ་དཀའ་བའི་གྲས་ཀྱི་སྙན་ངག་རིགས་ཡིན་པས། དེ་ཙམ་གྱི་ཤུགས་རྐྱེན་མ་ཐེབས་པར་འདོད་མོད། དེའི་རིགས་ཀྱི་སྙན་ངག་༼སྒོ་༽ལྟ་བུའི་བརྗོད་བྱ་རྒྱུས་ཡོད་དག་ནི། ཐད་བྲིས་ཀྱི་རྣམ་པས་སྣང་མཆེད་ཀྱི་རྣམ་གཞག་མང་པོ་ཞིག་གཞི་གཅིག་ལ་བསྡུས་པའི་སྣང་བ་ང་ལ་ཤར་ཞིང་། སྐབས་དེར་དབུ་མ་ཆུ་འབབ་ཀྱི་རིགས་ལམ་ལས་གཞན་དྲན་རྒྱུ་མ་བྱུང་མོད། ད་ལྟ་བསམ་ན་དེ་ནི་སྙན་ངག་གི་རྩལ་ལམ་འབྲི་སྟངས་ཤིག་རེད་སྙམ། སྐབས་དེ་ནི་གོ་དཀའ་བ་སྙན་ངག་གི་ཡོན་ཏན་ཡིན་མིན་གྱི་གླེང་གཞི་བྱུང་བའི་སྐབས་ཤིག་ལ་འཁེལ་ཡོད་པ་དང་། ཁོང་ནི་གོ་དཀའ་བ་སྙན་ངག་གི་ཡོན་ཏན་ཡིན་པའི་གླེང་སློང་མཁན་ཐོག་མ་དང་གཙོ་བོའི་གྲས་ཡིན་ལ། དེའང་འུར་བསླངས་པ་ཙམ་མིན་པར་རང་གི་བསམ་ཚུལ་ལག་ལེན་ལ་བསྟར་བ་ཞིག་ཡིན་པར་འདོད། སྙན་ངག་ནི་དམངས་ཁྲོད་ཀྱི་སྒྱུ་རྩལ་དང་དམངས་ཀྱི་ངག་གི་དཔལ་ཙམ་མིན་པར། མཁས་པའི་ངག་གི་དཔལ་ཞིག་ཡིན་པས་ན། ཚིག་དམར་རྗེན་མས་གཏམ་དཔེ་འཇོག་འཇོག་དང་ལ་གཞས་འཐེན་འཐེན་བྱས་ན་སྙན་ངག་གི་གཞི་རྐང་འཆོལ་བའི་ལྟ་ཚུལ་ཞིག་ང་ལའང་འདུག སྙན་ངག་ལ་སྙན་ངག་གི་བརྡ་སྤྲོད་ལུགས་ཤིག་དགོས་པ་ལས་ཁ་ལ་གང་བདེ་ཙམ་སྙན་ངག་ཡིན་མི་སྲིད། མདོར་ན། གོ་དཀའ་སླའི་རྩོད་པ་དེའང་སྙན་ངག་གི་གོ་བརྡ་སྤྲོད་ལུགས་ཀྱི་རྩོད་པ་ཞིག་ལས་གབ་པ་དང་ཟབ་པའི་ཚིག་ཙམ་གྱི་གོ་དཀའ་སླ་ལ་རྩོད་པ་མ་རེད།

སྙན་དེབ་གཉིས་པ་དེ་ཁོང་གི་སྙན་ངག་གི་དཀྱོག་མཚམས་ཤིག་ལ་ཀློག་མཁན་མང་པོས་བསམ་ཡོད་ཚོད་ཡིན་ལ། ངེད་ཚོས་ལྗང་རླུང་ཚགས་པར་ཉར་བའི་སྐབས་ཤིག་ཁོང་ལ་བཅར་འདྲི་བྱས་པར། སྙན་དེབ་གཉིས་པ་དེ་ནི་སྦྱངས་དེབ་ལྟ་བུ་ཞིག་ལ་ངོས་བཟུང་ན་འོས་པ་ལས། སྙན་ངག་གི་དཀྱོགས་མཚམས་ཤིག་ལ་བསམ་གྱི་མེད། དེ་ལས་སྙན་དེབ་གསར་བ་<<ཕྲེང་བ་ནག་པོ།>>ནི་མི་ལོ་བཅུ་ཕྲག་ཙམ་གྱི་རིང་སྙན་ངག་གསར་བར་འབད་པ་བྱས་ཏེ་བྲིས་པའི་སྙན་ངག་ཞེ་གཅིག་གིས་གྲུབ་ཡོད་ཅེས། <<ལྷ་ཆེན་པོའི་སྙན་ངག་>>ལས་<<ཕྲེང་བ་ནག་པོ་>>ནི། རྩོམ་པ་པོ་རང་ཉིད་ཀྱིས་ཀྱང་སྙན་ངག་གི་རྙེད་པ་ལེགས་པོ་ཞིག་ལ་ངོས་འཛིན་གྱིན་འདུག རང་མོས་སྙན་ངག་ཤ་སྟག་གིས་གྲུབ་པའི་སྙན་དེབ་དེ་བཀླགས་མྱོང་ནའང་། རང་མོས་སྙན་ངག་ལ་མྱོང་རྒྱུས་ཅི་ཡང་མེད་པ་ངས་སེམས་ལ་འཛིན་རྒྱུའི་ཚིག་དང་རུམ་ལ་སྡུད་རྒྱུའི་བྲོ་ཞིག་མ་རྙེད། ཡིན་ནའང་། དེབ་དེ་རུ་གབ་སྦས་དཔེ་གཟུགས་དང་རབ་བཏགས་སྒྲོ་འདོགས་ཀྱི་ཚིག་ཙམ་དང་། གནས་ལུགས་རིགས་འདེད་དང་སྒྲ་འགྲོས་སྡེབས་ལེགས་ཙམ་ལས་བརྒལ་ཏེ། ཡིད་ལ་བསྙབས་ནས་ཚོར་བར་གཙག་པའི་བརྡ་སྤྲོད་ཐབས་མི་འདྲ་བ་མང་པོ་ཞིག་འདུག་ཨང་སྙམ་པའི་ཚོར་བ་བྱིན་སོང་།

དྲུག་པ། སྙན་དེབ་ཕྱི་མ་ཁག་དང་རྩོམ་རིག་བྱ་དགའ། ད་དུང་བཙན་ཁྲིད།

སྤྱི་ལོ་ ༢༠༠༩ ལོའི་ཟླ་ ༡༠ ཚེས་༢༦ ཉིན། ཁོང་གི་སྙན་ངག་༼ སྒོམ་གཞས། ༽ ཞེས་པར་རྒྱ་ནག་རྒྱལ་ཡོངས་ཀྱི་སྐབས་གཉིས་པའི་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་ཐོབ་པ་དང་། དེའི་ཕྱིས་སུ་<<མི་ཚེའི་དབྱངས་རྟ་>>ཞེས་མང་ཆེ་བ་ཚིགས་བཅད་སྙན་ངག་གིས་གྲུབ་པའི་སྙན་དེབ་ཅིག་བཏོན་ཡོད་པར་ཡང་ཐོས་མོད། ལག་སོན་མ་བྱུང་བས་ཀློག་སྐལ་མ་ལྡན། ཁོང་ནི་ཁ་ཆག་སྣ་རལ་གྱི་ཚིག་བསྒྲིགས་ནས་སྙན་ངག་པར་རློམ་མཁན་གྱི་གྲས་མིན་པར། སྲོལ་རྒྱུན་སྙན་ངག་ལ་བྱང་ཆུབ་པའི་སྙན་ངག་པ་ཞིག་ཡིན་པས། ཁོང་གི་ཚིགས་བཅད་སྙན་ངག་གི་དེབ་དེར་དམིགས་བསལ་གྱི་ལྟད་མོ་ཡོད་པའི་ཡིད་ཆེས་ཤིག་ང་ལ་འདུག

ཉེ་བའི་ཆར་<<གླེགས་བམ་དཀར་པོ།>>དང་<<འཁོར་བ།>>བཅས་རིམ་པར་དཔར་ནའང་། ཡུལ་གྱིས་བསྐལ་བ་དང་ལྷག་པར་འཛམ་གླིང་ལ་རྒྱ་ནད་མངགས་པ་ནས་བཟུང་། བོད་ནང་ལ་དྲ་བའི་དམ་དྲག་སྔར་ལས་ཆེ་བར་བཏང་བ་དང་། རིག་གསར་ལྟ་བུའི་ཆབ་སྲིད་ཀྱི་རླུང་ཡན་ཞིག་གིས་རུས་ཚིགས་ཅན་གྱི་རྩོམ་པ་པོ་མང་པོ་ཞིག་རིམ་པར་གཅིག་འཁྲིད་གཉིས་འཁྲིད་ཀྱིས་མུན་དོང་དུ་བཅུག་སྟེ། དགྲ་བོའི་ལག་པ་ནག་པོ་དྲ་ལམ་གྱི་གླེང་མོལ་དང་འབྲེལ་ལམ་ཚུན་ཆད་ལ་བརྐྱངས་ཚར་ཡོད་པས་ཀློག་སྐལ་མ་ལྡན། ལོ་ཤས་གོང་ནས་བཟུང་༼སྐྱོ་སྐྱོའམ་གྲྭ་བའི་ཟིན་ཐོ།༽ཞེས་པའི་མུ་འབྲེལ་སྒྲུང་རིང་ཞིག་བྲིས་ནས་དྲ་ལམ་ལ་བཀྲམ་གིན་འདུག དེར་སྤྱི་ལོ་ ༢༠༡༩ ལོའི་ཟླ་ ༡༢ ཚེས་ ༣༠ ཉིན། རྒྱ་ནག་རྒྱལ་ཡོངས་ཀྱི་བྱ་དགའ་ཆེ་གྲས་མི་རིགས་རྩོམ་རིག་གི་བྱ་དགའ་ཐོབ་ཡོད་མོད། སྒྲུང་དེ་ལའང་སྲིད་གཞུང་ནག་པོའི་ལག་པས་བསྙབས་ཡོད་ཚོད་དེ། དེང་སྐབས་དྲ་ལམ་ནས་བཀག་ཚར་འདུག གང་ལྟར་སྤྱི་ལོ་༢༠༢༠ ལོའི་ཟླ་༡༢ པའི་ཚེས་ ༢ ཉིན། ངའི་གྲོགས་པོ་ཤིག་ལ་ཁོང་གི་དགེ་ཕྲུག་ཅིག་གིས་སྒྲོལ་མ་སྐྱོར་གྱིན་པའི་བརྙན་ཞིག་བཏང་འདུག དེ་ནི་ལྷུན་འགྲུབ་ལགས་རྒྱ་གཞུང་གིས་བཙན་འཁྲིད་བྱས་པར་བརྟེན། ཁོང་གི་དགེ་ཕྲུག་ཚོས་སྒྲོལ་མ་སྐྱོར་ནས་ཞབས་བརྟན་བསྒྲུབ་ཀྱིན་པའི་བརྙན་ཐུང་ཞིག་རེད། རྒྱ་གཞུང་གིས་ཁོང་བཙན་ཁྲིད་བྱས་པ་ལས་ཅིའི་ཕྱིར་བཟུང་བའི་རྒྱུ་རྐྱེན་ལ་རྩར་གཅོད་མ་ཐུབ་པ་མ་ཟད། ས་གནས་གང་དུ་བཀར་ཉར་བྱས་པ་ནང་མིས་ཀྱང་ཤེས་རྟོགས་ཐུབ་ཀྱི་མེད་པའི་གནས་ཚུལ་འབྱོར་སོང་།

བདུན་པ། ཁོང་གིས་ངའི་སྙན་ངག་ཐོག་མ་བཀླགས་པ།

ཁོང་ནི་དཔེ་ཀློག་དང་གསར་རྩོམ་ལ་ཉིན་མཚན་བསྲེས་པའི་གྲྭ་པ་སློབ་གཉེར་བ་ཞིག་རེད། ཉིན་ཞིག་ང་ཁོའི་གྲྭ་ཤགས་ལ་སོང་བར་ཕྱི་ནང་ཚང་མ་དཔེ་ཆ་དང་དུས་དེབ་ཀྱིས་བཀང་འདུག དེ་ནི་གྲྭ་སའི་སློབ་གཉེར་བ་སྤྱིའི་ཤག་ཁང་གི་སྣང་ཚུལ་ཞིག་ཡིན་ནའང་། ཉལ་ཁྲིའི་ཟུར་ཞིག་ན་མའོ་ཙེ་ཏུང་གི་གསུང་རྩོམ་དེབ་ཁ་ཤས་འདུག་པ་མ་ཟད། དེའང་ཐེངས་མང་བཀླགས་ཡོད་པའི་ཚོར་བ་ཞིག་བྱུང་ནས། མི་འདིས་མི་ཀློག་ནི་ཞིག་མི་འདུག་སྙམ་པའི་ཚོར་བ་བྱུང་བ་ངས་ད་དུང་དྲན་གི་འདུག ང་ལ་མཚོན་ནའང་དེ་དུས་ནས་རྩོམ་རིག་ལ་དགའ་མོས་ཡོད་པ་མ་ཟད། ལྐོག་ནས་ཚིགས་བཅད་ཆ་རེ་འབྲི་བར་འབད་ཀྱི་ཡོད་པའི་སྐབས་ཤིག་ཡིན་ནའང་། ངས་ཁོའི་སྔུན་ནས་རང་མིང་འབྲི་ཤེས་ཟེར་བར་ཡང་འཚེར་སྣང་བྱེད་ཀྱི་ཡོད། སྐབས་དེ་དུས་ཤིག་ལ་རྨ་ལྷོའི་ཚགས་པར་ངོས་སུ། ངས་༼བདག་གི་སེམས་པ་༽ཞེས་པའི་ཤོ་ལོ་ཀ་གསུམ་བཀོད་ལ། དེའང་བདག་གི་གྲོགས་པོ་དཔྱི་ས་དཔལ་བཟང་གིས་ཕྱེད་ཀ་བཅོས་ནས་བསྐུར་བ་ཞིག་ཡིན། དེ་ཁོང་གིས་མཐོང་ནས་ཡག་པོ་བྲིས་འདུག མང་པོ་བྲིས་ན་ཡག་པོ་འབྲི་བའི་ཉམས་ཐོན་ཡོད་རབས་ཀྱི་ཁ་བརྡ་ཐེངས་འགར་བྱས་པ་ངས་ད་ལྟའང་དྲན་པ་མ་ཟད། ཚིག་དེ་དག་ང་ལ་རྩོམ་ཡིག་འབྲི་བའི་སྒུལ་ཤུགས་ཤིག་ཏུའང་གྱུར་མྱོང་།

བརྒྱད་པ། ལྷམ་ཀོག་ཅེས་པ་སུ་ཡིན་ནམ།

ང་རྒྱ་གར་ལ་ཡོང་བའི་རྗེས་སུ། བོད་ཁུལ་གྱི་ཟིན་བྲིས་ཆེ་ཤོས་དང་དྲ་རྒྱ་གཙང་ཤོས་རྣམས་སུ། ལྷམ་ཀོག་ཅེས་པའི་རྩོམ་པ་པོ་ཞིག་གིས་སྣེ་ཁྲིད་རང་བཞིན་གྱི་རྩོམ་ཡིག་མང་པོ་སྤེལ་བ་མཐོང་ཞིང་། འབྲི་རྩལ་དང་ཤེས་རྒྱ་གང་ཐད་ནས་དྲ་འབུ་སྣང་བ་མཐའ་ཡས་ཤིག་མིན་པར་ར་འཕྲོད་མོད་སུ་ཡིན་མ་ཤེས། ཕྱིས་སུ་ཁོང་ཡིན་པར་ར་འཕྲོད། བར་སྐབས་དེ་ལ་ལྷམ་ཀོག་ཅེས་པ་སུ་ཡིན་ནམ་ཞེས་རྩོམ་རིག་ལ་དོ་སྣང་ཡོད་མཁན་ཚང་མས་རྩར་གཅོད་བྱེད་སྐབས་ཤིག་རེད། ཕྱིས་སུ་སྐད་འཕྲིན་ལས་ཀྱང་དྲ་འབྲེལ་བྱུང་མོད་སྐད་ཆ་མང་པོ་བཤད་ཀྱི་མེད། ཁོང་གི་སྐད་འཕྲིན་དང་ཁ་པར་ཨང་གྲངས་ཡོད་ཚད་ལ་རྒྱ་གཞུང་གིས་ལྐོག་ཉན་དང་ལྟ་རྟོག་ཡོད་པ་ངས་ཤེས་ཀྱི་ཡོད་པས། ངས་ཁོང་གི་བདེ་འཇགས་ལ་དམིགས་ནས་སྐད་ཆ་རེ་བཤད་ནའང་རྩོམ་རིག་ཁོ་ན་དང་འཚམས་འདྲིའི་རྒྱ་ལས་བརྒལ་གྱི་མེད། ཡིན་ནའང་། མི་རིགས་ཀྱི་སྐྱོ་ངལ་མཐའ་དག་སེམས་སུ་བླངས་ཤིང་མྱངས་ནས་ཡོད་པའི་ཚུལ་མཐའ་དག་ཁོང་གི་སྙན་ངག་དང་འབོལ་རྩོམ་ཁག་ལས་ཚུར་ཁ་གྲགས་ཡོང་གི་འདུག ཁོང་དང་ཁོང་ལྟ་བུའི་ཤེས་རབ་དང་སྙིང་སྟོབས། རིགས་ཞེན་སུམ་འཛོམས་ཀྱི་གྲོགས་པོ་མང་པོ་ཞིག་རང་ཚོད་ཀྱིས་མིག་གིས་འཚོས་ཏེ་སེམས་ཀྱིས་བཀུར་བ་ལས། ཆབ་སྲིད་ཀྱི་སྐོར་ལྟ་ཅི་མི་རིགས་ཀྱི་དངོས་ཡོད་དཀའ་སྡུག་སྐོར་ལའང་བསམ་ཚུལ་བརྗེ་རེས་བྱེད་ཕོད་ཀྱི་མེད། ང་ནི་རང་དབང་ལུང་བར་རང་དབང་ཡོད་ཚད་ཤོར་བའི་བོད་རིག་པ་བའམ་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགྲོན་པོ་ཚོ་དང་མི་འདྲ་བར། རང་དབང་ལུང་བར་རང་གི་སྨྲ་བརྗོད་ཀྱི་རང་དབང་ཆ་ཚང་བར་ལོངས་སྤྱོད་མཁན་ཞིག་ཡིན་ནའང་། ཁོང་ཅག་གི་གནས་བབ་ལ་བསམ་ཤེས་བྱེད་མཁན་ཞིག་ཡིན།

ད་ལོ་གཅིག་བུར་ང་ལ་ཆ་རྒྱུས་ཡོད་པའི་རྩོམ་པ་པོ་གཉིས་གསུམ་ཞིག་རྒྱ་གཞུང་གིས་བཙན་འཁྲིད་ཀྱིས་མུན་དོང་ལ་བཅུག་སོང་། རྒྱ་ནག་གིས་བཙན་འཁྲིད་བྱས་ཏེ་ཐག་གཅོད་མ་བྱས་པའི་བར་འདི་ནི་ཁོང་དག་ལ་སྡུག་སྦྱོང་མནར་གཅོད་ཆེས་ཆེ་བའི་དུས་སྐབས་རེད། གཅར་རྡུང། འདྲི་གཅོད། ཟས་འགོག་པ། གཉིད་འགོག་པ། ཐུག་འཕྲད་འགོག་པ། གར་ཡོད་ཀྱི་གནས་གསང་བ་སོགས་ཡོད་ཚད་དུས་སྐབས་འདིར་མྱོང་གི་ཡོད་པར་བསམས་ན་ངས་ཅི་ཞིག་གླེང་དགོས་པའང་མི་ཤེས་པ་མ་ཟད། ཁོང་ཚོར་གང་ཞིག་གིས་ཕན་དང་གནོད་ཀྱི་ཡོད་མེད་ཀྱང་ཤེས་རྟོགས་ཐུབ་ཀྱི་མི་འདུག ཡིན་ནའང་། ཕྱི་གསལ་ནང་གསལ་གྱི་སྙན་ངག་པ་ཁོང་ཕྱི་གསལ་ནང་གསལ་གྱིས་གླེང་བར་འགལ་བའི་ཆ་ཡོད་པར་མི་འདོད། ངས་རང་ཉིད་ཀྱིས་ཤེས་པ་དང་ཚོར་བ་ལས་ཡིག་ཆ་གཉིས་པའམ་གཞན་གྱི་བཤད་སྒྲོས་བཏུས་ནས་གླེང་གི་མེད། ངས་ཤེས་པ་དང་མཐོང་བ་ཁོ་ན་གླེང་ཡོད། ཆབ་སྲིད་ཀྱིས་ལས་ཀ་བྱས་མེད་བཞིན་དུ་ཆབ་སྲིད་ཀྱི་ལས་ཀ་ཡ་མཚན་ཞིག་བྱས་པར་འབྲི་མི་ཕོད། “བཀའ་ལོག་ཚིག་གིས་མྱི་མི་ཐུབ་”ཅེས་པ་ལྟར། བཀའ་ལོག་གི་སྨད་པ་སྨད་པ་མིན་ལ། བཀའ་ལོག་གི་བསྟོད་པའང་བསྟོད་པ་མིན།

བཙན་བྱོལ་ནང་ཡོད་པའི་རིག་གནས་ཀྱི་སྡེ་ཁག་དག་གིས། བོད་ནང་གི་རིག་གནས་པའི་མཚན་གནས་ངོམ་ནས་རང་རང་གི་ལས་གཞིའི་རིན་ཐང་སྤར་བ་ཙམ་མིན་པར། ཁོང་དག་ངོ་མ་ཞིག་གླེང་རྒྱུ་གལ་ཆེན་པོ་རེད། ཡིན་ནའང་། དཀའ་ངལ་ལ་འཕྲད་དེ་མུན་ཁུང་ལ་བཅུག་ནས་ཡོད་དུས་སུ་འགན་འཁུར་རྒྱུའང་གལ་ཆེན་པོ་རེད། ཁོང་བཙན་ཁྲིད་བྱས་ནས་ལོ་གཅིག་འགོར་ལ་ཉེ་ཡང་འདི་ཚོར་གྲགས་འགུལ་ཅི་ཡང་མེད་པ་ནི་བསམ་ཞིང་བློས་དཔོག་པ་ཞིག་མ་རེད། སྣང་ཚུལ་འདི་དག་ངས་མིག་གིས་མཐོང་བར་མི་འདོད་པ་ཞེ་གཅིག་རེད། དྲན་སྐུལ་ལམ་བརྡ་འདི་འདྲ་ཞིག་ཀྱང་གཏོང་བར་འདོད་སོང་། མཐར་སྙན་ངག་པ་ཁོང་མུན་པ་ལས་མགྱོགས་པོར་ཐར་བའི་སྨོན་འདུན་ལན་བརྒྱར་ཞུ།

སྤྱི་ལོ་ ༢༠༢༡ ལོའི་ཟླ་ ༡༠ ཚེས་ ༡༥ ཉིན།

1 Comment

  • Tenzin Nyinjey / 2022-10-22 at 21:11

    དཔྱད་བརྗོད་ཕན་ཐོགས་པོ་ཞེ་དྲག་བྲིས་གནང་འདུག རོང་བོ་དགེ་ལྷུན་ལགས་ཀྱི་སྙན་དེབ་རྣམས་འཕྲུལ་དེབ་ལ་ཡོད་དམ། ཡང་མེད་ན་ཁོང་གི་ཕྱོགས་བསྡོམས་བྱས་པའི་སྙན་ངག་དྲྭ་རྒྱའི་སྟེང་ཡོད་ན་བསྐུར་རོགས་གནང་།

    ལན་སློག

Leave a Reply