ཨ་མདོའི་འབྲོག་རྒན་ཞིག་ཡང་ཡང་དྲན་པ།

གངས་ལྗོངས་ཁུ་བྱུག་སྔོན་མོ་བདུད་བྷེའི་རྗེས་དྲན་ཞིག་གི་དོད་དུ།

རྫ་སྲས་བདེ་ཆེན།

ཉི་ཟླའི་གཟི་འོད་ཚིག་གི་ཚོགས་ཀྱིས་འགྲེལ། །
སྲིད་པའི་རྩེ་མོ་དབྱངས་གསལ་ངག་གིས་བསླེས། །
“རང་བྱུང་སེམས་ཀྱི་རི་མོ” མགུར་བ་ལ། །
འདི་ན་གསང་ཟབ་ངག་གི་ལྡེ་མིག་ཅིག །

རྨ་ཆུ་སྔོན་མོར་ངག་གི་རེ་སྨོན་བསྩལ། །
མདོ་ལ་རིང་མོར”དབྱངས་ཀྱི་གཤོག་པ” བཙུགས། །
འཆི་བས་གཡབ་མོ་བྱེད་པའི་དུས་སུ་ཡང་། །
གངས་རིའི་རྒུད་པ་འདར་འདར་ངག་ལ་དྲངས། །

ལྷ་སའི་གཏམ་རྒྱུད་བོར་བའི་སྨྲེངས་བ་ཞིག །
གང་གི་མགྲིན་པའི་ཁབ་ལ་ཡང་ཡང་འཁོར། །
རྨ་ཆུའི་ཟིལ་ཤུགས་ཁུར་བའི་རོལ་དབྱངས་ཀྱང་། །
སུ་ཡི་ཁྲག་གི་ཀློང་ན་ཤང་ཤང་བཞུར། །

རིགས་ཀྱི་སྙིང་ལ་ཀ་ཁའི་བྲོ་བ་བསྩལ། །
ཟོག་པོའི་དུས་ལ་གཉུག་མའི་མཛེས་པ་བསྟན། །
པི་ཝང་ཁུར་བའི་ཨ་མདོའི་འབྲོག་རྒན་ཁྱོད། །
གངས་རིའི་ཁྲོད་ཀྱི་ངག་གི་རྒྱལ་མཚན་ཡིན། །

པོ་ཏཱ་ལ་ཡི་རྔམ་བརྗིད་གླུ་ཡིས་བསྲུངས། །
ནོར་བུ་གླིང་གའི་མཚན་མོ་དབྱངས་ཀྱིས་བཀླགས། །
རིགས་ཀྱི་རྒུད་པ་མ་བཟོད་མྱོས་པའི་དུས། །
ཕུ་ཐུང་རྫེ་རྫེ་བྱེད་པའི་ན་རག་ཁྱོད། །

དབྱངས་གསལ་འགུག་པའི་ངག་གི་དཔའ་རྩལ་ཅན། །
མེས་པོ་དྲན་པའི་སྙིང་ལ་རྩིད་པ་ཅན། །
“ཁ་བ་མར་མར་འབབ་པ”འི་མཚན་མོ་རེར། །
རལ་བ་བསིག་བསིག་བྱེད་པའི་གངས་སེང་ཁྱོད། །

མཚན་པོའི་གར་སྟེགས་འོད་དུ་སྦར་བ་ལ། །
ཁྱོད་ནི་ཡུམ་སྐད་གཙང་མའི་དཔལ་འབར་ཡིན། །
རང་སྡེ་ཁྲ་མོའི་སྐྱིད་སྡུག་མཚོན་པ་ལ། །
ཁྱོད་ནི་ཀ་མད་སུམ་ཅུའི་དར་ཆའང་ཡིན། །

མེས་པོ་རལ་བ་ཅན་གྱི་གཏམ་རྒྱུད་རྣམས། །
གངས་དང་ཁ་བའི་ངོས་ལ་འབྲི་མཁན་ཁྱོད། །
མི་རིགས་ཕྲེང་བ་ཅན་གྱི་རེ་སྨོན་ཀུན། །
ཙག་དང་བསེར་བུའི་ངོགས་ནས་སྲུང་མཁན་ཁྱོད། །

གངས་རི་དྲན་ནས་མགོ་བོ་མཁའ་ལ་བསྲིངས། །
རྩྭ་ཐང་བསམ་ནས་མེ་ཏོག་རྒྱན་དུ་བཏགས། །
ལུས་ལ་སློག་པ་གྱོན་པའི་མི་རིགས་ཀྱིས། །
ཁྱེད་ཀྱི་གླུ་སྐད་ནམ་ཡང་བརྗེད་མི་འགྱུར། །

༢༠༡༧།༡༡།༡༠ཉིན།

Leave a Reply