ང་རང་ཨ་བྲ་གསོད་པའི་རྫས་ཤིག་འཚོལ་དུ་འགྲོ་བ་ཡིན།

སྟག་འབུམ་རྒྱལ།

ཉི་མ་སྟག་ལུང་སྡེ་བའི་ནུབ་ཕྱོགས་ཀྱི་རི་རྩེ་ནས་ཡོལ་མ་ཐག ལོ་ན་གཞོན་པའི་བུ་ཆུང་དོན་གྲུབ་ཀྱིས་སྐ་རགས་རྡོག་པར་གཅུད་ཅིང་ལམ་ལ་ཆས། སྦྲ་སྒོར་བུད་མ་ཐག་སླར་ཡང་ཕྱིར་འཁོར་ནས་རང་ཉིད་ཀྱི་ལོ་ན་རྒན་པའི་མ་རྒན་ལ་གྱེས་ཕྱག་བྱས། ཁོ་མོ་ལག་རྟེན་ལ་ཁེན་ཏེ་གྱོལ་མ་ལྡིང་གིས་ཕྱི་རོལ་གྱི་དེའུ་འབུར་སྟེང་དུ་ཡོང་སྟེ་བུ་ཆུང་གི་ཕུ་ཐུང་ལ་འཇུས་ཤིང་རྒས་པའི་མིག་གཉིས་ལས་ཡིད་འཁྲེང་བའི་འོད་ཀྱིས་ལྟ་བཞིན་ཁོ་རང་ལ་བཤོལ་འདེབས་བྱས།

“ངའི་གཅེས་ཕྲུག་གཅིག་པུ།” ཁོ་མོས་ཁོའི་གདོང་ལ་ཞིབ་ལྟ་བྱེད་བཞིན་ངག་འདར་ བའི་ངང་ཧ་ཅང་ཞེ་འཁྲེང་སྟེ“ངས་ཁྱོད་ལ་ཞུ་བ་བྱེད། ཅིས་ཀྱང་སང་ཉིན་སྔ་སེར་ཉི་མ་ཤར་ཚེ་འགྲོ་རོགས། དོ་དགོང་གཅིག་བུར་རང་ཉིད་ཀྱི་སྦྲ་ནག་ནང་དུ་སྡོད། མཚན་མོའི་ཁེར་རྐྱང་གི་འགྲུལ་བཞུད་འདིར་ལྷ་འདྲེ་དང་ཆོམ་རྐུན་གྱི་བར་ཆད་ཀྱང་ཡོད་ངེས། ལན་རེར་རང་ཉིད་ཀྱི་གྲིབ་མ་འང་འདྲེ་རུ་མཐོང་ངེས། དོ་དགོང་གཅིག་པུར་ངེད་མ་བུ་གཉིས་ཀ་ལྷན་དུ་འདུག ངའི་གཅེས་ཕྲུག མཚན་མོ་འདིར་ཅིས་ཀྱང་འགྲོ་མི་རིགས།” “ཨ་མ། ངའི་ཨ་མ་བཟང་བོ།” བུ་དོན་གྲུབ་ན་རེ། “ང་ཚེ་གང་བོར་ཁྱོད་རང་གི་ གམ་དུ་བསྡད་ནས་ཞབས་ཞུ་བྱས་ཆོག འོན་ཀྱང་དོ་དགོང་གི་གོ་སྐབས་འདི་ཅིས་ཀྱང་འཆོར་མི་རུང༌། ད་ལོ་རྩྭ་ཆད་དེ་ངེད་ཚང་གི་ནོར་ལུག་ཚང་མ་ཤི་བ་འདིར་བསམ་ཚེ། ཅིས་ཀྱང་ཤི་འདྲེ་ཨ་བྲ་འདི་དག་རྩ་མེད་དུ་གཏོང་དགོས། ལྟོས་དང༌། དོ་དགོང་ནི་ཚེས་བཅོ་ལྔ་རེད། ད་ནི་ཟླ་བའང་འཆར་ལ་ཉེ་བས་ང་རང་ཅིས་ཀྱང་གཏོང་རོགས། ཨ་མ་ལགས། ངའི་སྐེ་ན་སྲུང་འཁོར་ཡོད་པས་ཁྱོད་ཀྱིས་སེམས་ཁྲལ་བྱེད་མི་དགོས།” “འོ་ན་དེ་བྱོས། དཀོན་མཆོག་གསུམ་གྱིས་ཁྱོད་ལ་ལམ་སྟོན་བྱེད་ངེས།”མ་རྒན་གྱིས་མིག་ཆུ་འབྱིད་བཞིན་དུ། “ངའི་བུ་ཆུང་འགྲོ་ཁར་ཨ་མར་ཐོད་པ་ཞིག་གཏུག་རོགས།” “ཨ་མ་ལགས”དོན་གྲུབ་ཀྱིས་མ་རྒན་ལ་མགོ་བོ་གཏུགས་ཙམ་བྱས་རྗེས། “ནམ་རྒྱུན་དགོང་མོ་བསང་གསུར་ཞིག་ཕུད་རྗེས་ཉལ་རོགས། དེ་ལྟར་ན་ངེད་མ་བུ་གཉིས་ཀ་ནམ་ཡང་སླར་མཇལ་བྱེད་ཐུབ་ངེས། ཁྱོད་རང་བདེ་མོར་བཞུགས་ཤིག” དེ་ལྟར་ཁོ་རང་མ་རྒན་དང་ཁ་གྱེས་ཏེ་སོང༌། བུ་དོན་གྲུབ་སྟག་ལུང་སྡེ་བའི་ཡར་མཐར་བུད་ཅིང་རྐང་ལམ་གྱ་གྱུ་ཞིག་ཉུལ་ཏེ་ལུང་བའི་མདའ་རུ་སླེབས། ཁོས་ཕྱིར་ལྟ་ཙམ་བྱེད་དུས་སྡེ་བ་ཡོངས་རྫོགས་མུན་པས་བསྒྲིབས་ཏེ་ཨ་མ་ཕྱི་རོལ་དུ་ལག་རྟེན་ལ་ཁེན་ཏེ་ཁོའི་རྗེས་ཕྱོགས་སུ་བལྟས་ཡོད་པའང་མཐོང་མི་ཐུབ། སྐབས་འདིར་ཁོས་ཨ་མ་ལགས་མཐོང་འདོད་པ་སྟེ—མཇུག་མཐའི་རེ་བ་འདི་ཅི་འདྲའི་ཤུགས་དྲག་པ་ལ་ཨང༌་།

“ཨ་མ་སྙིང་རྗེ་ཨང་༌།”ཁོ་རང་གི་སེམས་ལ་གློ་བུར་བའི་སྐྱོ་བ་ཚད་མེད་ཅིག་སྐྱེས་ཏེ། སེམས་ལ། “ང་ནི་ངོ་མ་ཞེ་ཁྲེལ་མེད་པའི་བུ་ཞིག་མ་ཡིན་ནམ། ཁོ་མོ་ད་ལྟ་ཤི་ཁ་རྒས་ཁར་འདི་ལྟར་གཅིག་པུར་བསྐྱུར་བ་རེད། ཁོ་མོས་འཇིགས་སུ་རུང་བའི་རྨི་ལམ་རྨི་སྲིད། ཁོ་མོ་ནམ་གང་བོར་གཉིད་འོང་མི་སྲིད། ཁོ་མོར་མཚོན་ན་མཚན་མོ་འདི་ནི་ཅི་འདྲའི་འཇིགས་སུ་རུང་བ་ཞིག་ཡིན་རྒྱུ་རེད་ཨང་༌། འོན་ཀྱང་མཚན་མོ་འདི་ཅི་ནས་ཀྱང་སྟོང་ཡལ་དུ་འགྲོ་མི་རིགས་པའི་གོ་སྐབས་བཟང་བོ་ཞིག་ཡིན་པས། ང་རང་གིས་ལས་འགན་སྒྲུབ་སྟེ་མྱུར་མོར་ཕྱིར་ལོག་མཚམས་ཉིན་གཅིག་ལའང་ཁ་མི་གྱེས་པར་ཁོ་མོར་ཞབས་ཏོག་བྱས་ཏེ། མོའི་ཚེ་མཇུག་ཏུ་བདེ་སྐྱིད་ལྡན་པའི་ འཚོ་བ་ཞིག་རོལ་དུ་འཇུག་དགོས།”ཁོས་དེ་ལྟར་ཡིད་དུ་འོང་བའི་ཆོད་སེམས་ཤིག་ཁོག་ཏུ་བཞག་པས་རང་སེམས་ཀྱང་སྔོན་དང་མི་འདྲ་བར་བདེ་ལ་བབས་པའི་སྣང་བ་སྐྱེས་ཤིང༌་། གོམ་པ་མྱུར་ལེན་བྱས་ཏེ་དམིགས་ཡུལ་དེར་ཆས། ཁོ་རང་འགྲོ་ས་ནི་ཧ་ཅང་ཕུ་རིང་བའི་ལུང་བ་ཆེན་པོ་ཞིག་གི་མཐིལ་ཡིན་པ་དང༌། གཡས་གཡོན་གྱི་རི་ཤིན་ཏུ་མཐོ་ལ་གཟར་བར་མ་ཟད་ནགས་རྫོང་སྟུག་པོར་དཀྲིགས་ཡོད་ལ། ཉག་ཕྲ་བའི་ལམ་ཕྲན་དེ་ནི་འདྲེ་མོའི་རྒྱུ་མ་བྲན་པ་ལྟར་གཡས་འཁྱོག་གཡོན་འཁྱོག་གིས་བསྲིངས་འདུག ལན་རེར་འུག་པའི་དགོད་སྒྲ་འཇིགས་སུ་རུང་བ་རེ་གྲགས་འོང་ལ་དེ་ནི་གཡས་གཡོན་གྱི་རི་ངོས་སུ་འཁྱིལ་ཏེ་ནགས་ཚུལ་གྱི་ལོ་འདབ་ཀྱང་ཤིག་ཤིག་ཏུ་འགུལ་ཡོང་བ་དང་༌། ཉེ་འགྲམ་གྱི་སྡོང་རྒན་རེ་རེ་ཡང་ཧ་ཅང་ལྐོག་གྱུར་ངང་ནག་ཡོམ་མེར་སྣང་བས་ཕལ་ཆེར་དེ་དག་རེ་རེའི་ཕག་ཏུ་མི་རེ་གཞའ་ནས་ཡོད་པའི་སྣང་བ་སྟེར། མི་དེ་དག་ནི་བཟའ་ཟླ་བུ་ཕྲུག་ལ་ཆགས་ཞེན་ཆེ་བའི་ལོ་རབས་འདིའི་སྔོན་དུ་ཤི་བའི་རང་སྡེ་ནང་གི་མི་དག་མིན་པའི་ངེས་པའང་མེད། ཁོ་ཚོས་ཁོ་རང་ལ་འདི་ལྟར་སྐྱེལ་མ་བྱེད་པ་ལས་གནོད་འཚེ་གཏོང་མི་སྲིད།

“ཕལ་ཆེར་སྡོང་བོ་རེ་རེའི་ཕག་ཏུ་ཧ་ཅང་འཇིགས་སུ་རུང་བའི་ཆོམ་པོའི་རིགས་སྦས་ཡོད་པ་འདྲ།” བུ་དོན་གྲུབ་ཀྱིས་དེ་ལྟར་སྙམ་པའི་མོད་ཕྱི་མིག་རེ་བལྟས་ཏེ་དངངས་འཚབ་ཅིག་སྐྱེས། ཁོས་སླར་ཡང་ཆིག་ལབ་ངང“གར་ལྟར་ཡང་ང་རང་ལ་སྲུང་འཁོར་ཡོད་པས་དེ་དག་ལ་འཇིགས་མི་དགོས།”ཁོས་མགོ་བོ་འཁྱོག་སྟེ་རྒྱབ་ཕྱོགས་སུ་ལྟ་བཞིན་གུག་འཁྱོག་ཅིག་བརྒྱུད་རྗེས། སླར་ཡང་ མདུན་ཕྱོགས་སུ་བལྟས་ཏེ་བསྐྱོད། གློ་བུར་དུ་ཁོས་མི་ཞིག་མཐོང་བྱུང༌། ཁོའི་ལུས་ལ་གྱོན་གོས་རལ་བོ་ཞིག་གྱོན་ཞིང་ཤུག་པའི་སྡོང་བོ་ཞིག་གི་རྩ་རུ་ཙོག་འདུག བུ་དོན་གྲུབ་གམ་དུ་ཐོན་པ་མཐོང་འཕྲལ་ཁོ་རང་ཡང་ཡར་ལངས་ཏེ་ཕྲག་པ་མཉམ་གཤིབ་ཀྱིས་མདུན་དུ་བསྐྱོད། “ཁྱོད་རང་ཐོན་པ་ལེགས། བུ་དོན་གྲུབ།”ཁོས་བཤད་རྒྱུར།“ཁྱོད་རང་ཡོང་དུས་སྡེ་བའི་ནང་གི་གནས་ཚུལ་ག་འདྲ་འདུག” “ཅུང་ཟད་བཟང་བ་འདུག ཕྱུགས་ཟོག་རང་ལ་དབང་བར་བྱས་རྗེས་ཁྱིམ་ཚང་རེ་རེས་ཀྱང་རྩྭ་ས་བརྩད་དེ་ཁ་བཅག་མགོ་བཅག་རྒྱུན་ཆད་མི་འདུག དགྲ་ཡ་གཙོ་བོ་ནི་ཨ་བྲ་རེད།”དེ་ལྟར་བཤད་དུས་ཁོའི་ངག་ཀྱང་ཕྲན་བུ་འདར་གྱིན་འདུག དེ་ནི་ཁོའི་འགྲོ་གྲོགས་ཀྱིས་གློ་བུར་དུ་མཐོང་བ་ཞིག་རེད།

“ང་རང་ཡོང་ཁར་ཡང་དེ་འདྲ་རེད།”ཁོའི་འགྲོ་གྲོགས་ཀྱིས་ཀྱང་ཤུགས་རིང་ཞིག་འཐེན་བཞིན། “ཉིན་མཚན་མེད་པར་ཚོགས་འདུ་ཚོགས་ཏེ་ལོ་ལོན་འགའ་རེར་དགག་པ་རྒྱག་གིན་འདུག ཕལ་ཆེར་ངའི་རྗེས་སུ་རྫོངས་གྲབས་ཡོད་པ་འདྲ། སྙིང་རེ་རྗེ” སྐབས་འདིར། དམར་ཤས་ཆེ་བའི་ཟླ་བ་དེའང་རིམ་བཞིན་མངོན་བྱུང་ལ། མག་མོག་གི་ཟླ་འོད་དེ་ལམ་འགྲམ་གྱི་སྡོང་ལོའི་སྟེང་དུ་འཕོས་ཡོད་ནའང་ཁོང་གཉིས་ཏག་ཏག་གྲིབ་འོག་ཉུལ་ནས་འགྲོ་བཞིན་ཡོད་པས་གསལ་བོར་མཐོང་མི་ཐུབ། བུ་དོན་གྲུབ་ཀྱི་འགྲོ་གྲོགས་དེ་ཕལ་ཆེར་ཁོ་ལས་ལྡབ་གཅིག་གིས་ཆེ་ལ། དེ་ཡང་མ་འོང་བའི་སྔོན་དེར་ཁོ་རང་ཨ་ལགས་ཚང་གི་མདུན་དུ་འགྲོ་དུས་བཤད་པའི་མི་རྒྱུས་མེད་དེ་ཡིན་མིན་རྟོགས་མི་ཐུབ། ཨ་ལགས་ཀྱིས་ཀྱང་ཐེངས་གསུམ་ལ་མིག་ཟུང་བཙུམ་ཏེ་མོ་རྩིས་བྱས་མཐར་རྣ་འགྲམ་གྱི་རྨེ་བ་ནག་རིལ་བ་དེ་ཕུར་ཙམ་བྱས་ཏེ། “ གཅིག་དགུ་རེ་གཉིས་ལོར་ལྟོགས་གྲིར་ཤི་བའི་མི་ཞིག་གིས་ཁྱོད་ལ་ལམ་གྲོགས་བྱེད་ངེས”གསུང་བ་ལས་འགྲོ་སའི་ཕྱོགས་གང་ཞིག་ཡིན་པའང་གསུང་མ་བྱུང༌། དོན་ངོ་མར་འགྲོ་གྲོགས་ཀྱིས་ཀྱང་དར་ལ་བབས་པའི་གཞོན་ནུ་འདི་རང་ཉིད་ཀྱི་ཤ་ལས་ཆད་པའི་བུ་ཕྲུག་དེ་ཡིན་པ་གཏན་ནས་ངོས་ཟིན་མི་སྲིད། ཁོང་གཉིས་ཀས་ཡུན་རིང་ལ་ཁ་བརྡ་མ་བྱས་པར་རང་རང་སར་ཅི་ཞིག་ལ་བསམ་བློ་གཏོང་བ་ལྟར་བསྐྱོད། གཞན་དང་་མི་མཚུངས་པ་ནི་ལམ་དུ་འགྲོ་དུས་ཁོང་གཉིས་ཀར་ཡང་རྐང་རྗེས་མི་འདུག གསལ་ལ་མི་གསལ་བའི་གྲིབ་མ་ནག་པོ་གཉིས་དང་འདྲ།

“དོན་གྲུབ། ཅི་རེད།”འགྲོ་གྲོགས་དེས་མ་རངས་པའི་ཉམས་ཀྱིས། “འདི་ཙམ་ ལས་མ་སོང་བར་ཁྱོད་རང་ཐང་ཆད་བྱུང་ངམ། མྱུར་མོར་ཡར་ལ་ལོངས། ” “ང་རང་མི་མཐུད་དུ་འགྲོ་མི་འདོད། ཕལ་ཆེར་ཁྱོད་ཀྱིས་ང་རང་ལམ་ལོག་ཏུ་འཁྲིད་ཀྱིན་པ་འདྲ། ང་རང་ཕྱིར་ཡུལ་དུ་ལོག་འདོད་འདུག” “ཅི་ལ་སྲིད། ངས་ཁྱོད་རང་ལམ་ལོག་ཏུ་འཁྲིད་མི་སྲིད།”འགྲོ་གྲོགས་ཀྱིས་སླར་ཡང་ཞུ་བ་བྱེད་པའི་ཉམས་ཀྱིས། “མུ་མཐུད་དུ་འདི་ཙམ་འགྲོ་དང་ཐོན་ངེས་རེད། བདེན་མིན་རྗེས་སུ་ཁྱོད་ཀྱིས་རྟོགས་ངེས།” “འོ་ན་འདི་གར་མི་གཅིག་ཀྱང་མཐོང་རྒྱུ་མེད་པ་ཅི།” “འོ། དེ་ཟེར་རམ། དེ་བས་ཁྱོད་རང་ང་ལ་ཡིད་མ་ཆེས་པ་ཨེ་རེད།”རྒན་པ་དེས་ཧ་ཅང་ཟོལ་མེད་པའི་ངང་བཤད་རྒྱུར།“རེད་ཡ། ཁྱོད་ཀྱིས་བཤད་པ་དག་འཆུག་མི་འདུག སྔོན་ཆད་འདི་གར་ངོ་མ་མི་མང་པོ་ཡོད། ཧ་ཅང་མང། ཚང་མ་ང་བརྒྱད་ལོར་ཡོང་བ་ཤ་སྟག་ཡིན། ན་ནིང་སྟོན་ཁར་སྐྱེས་མཆོག་དམ་པ་ཞིག་ལམ་འདི་ནས་བྱོན་ཏེ་ཟླ་དགུའི་ནང་དུ་གཞི་ནས་དེ་དག་ཚང་མ་དག་པའི་ཞིང་དུ་འདྲེན་ཐུབ་ཙམ་བྱུང༌། དེ་བས་ད་བར་དུ་འདི་དག་ས་སྟོང་དུ་ལུས་ནས་ཡོད། འདི་དག་ནི་རྩེད་མཚར་ཞིག་མིན། ཉིན་དེར་ལྭ་བ་ལྗང་སེར་གྱོན་པའི་དམག་དཔོན་མིག་ཤེལ་གྱོན་པ་དེ་དང་སྐུ་སྲུང་བ་གཉིས་དམག་རྟ་འགའ་འཚོལ་དུ་སྟག་ལུང་སྡེ་བ་བརྒྱུད་ནས་འོང་དུས་ཅི་བྱུང་མེད་པར་མཐོང་རྒྱུ་མེད་སོང་༌། རྗེས་སུ་བེམ་རོ་གཉིས་ཁྱིམ་ཚང་འགའི་ཐལ་ཕུང་གི་འོག་ནས་བླངས་པ་རྐྱེན་བྱས་ཏེ་ཟིང་འཁྲུག་ལངས་པ་རེད། དེ་ནས་བཟུང་སྟག་ལུང་དཔོན་པོ་དང་ངེད་གཉིས་ནམ་རྒྱུན་ལམ་འདི་ནས་ཐེངས་མང་ཕྱིན་མྱོང་བ་ཡིན། ངེད་གཉིས་མནའ་ཤག་ཡིན། གྲལ་རིམ་འཐབ་རྩོད་ཀྱི་ལོ་ཟླའི་ནང་དུ་ཁོ་རང་ཡུལ་དུ་ཟ་མ་ཞིག་ལེན་དུ་སོང་བས་འཛིན་བཟུང་ཐེབས་སོང་༌། དེ་དག་ལ་ཕྱིར་དྲན་བྱེད་ཆེད། ངས་ཀྱང་ཐབས་བརྒྱ་ཇུས་སྟོང་གིས་ཁྱོད་ལ་རོགས་རམ་བྱེད་འདོད།

“གལ་ཏེ་ཁྱོད་ཀྱིས་བཤད་པ་དེ་དག་ངོ་མ་ཡིན་ན།”དོན་གྲུབ་ཀྱིས་བསམ་བློ་གཏོང་ བཞིན་དུ། “ཡ་མཚར་བ་ལ་སྡེ་བའི་ནང་གི་མི་སུས་ཀྱང་དེ་འདྲའི་སྐད་ཆ་ཞིག་མི་གླེང་བ་ཅི། ཡིན་ཡང་ང་རང་ཡང་དོན་ངོ་མར་མཚར་སྣང་དེ་འདྲ་མི་སྐྱེས། ངས་ཀྱང་ཅུང་ཙམ་རྟོགས་འོང༌། གལ་ཏེ་དོན་དག་དེ་ཁ་ཡི་ཕྱིར་སོར་ཕུད་མ་ཐག་རི་ཆུ་ནགས་ཀླུང་དང་རྩི་ཤིང་མཐའ་དག་གིས་ གང་སར་བསྒྲགས་ཏེ། ཁོ་ཚོ་ཚང་མའང་ཁྱོད་དང་འདྲ་བར་རྒྱང་འཕུད་དུ་སྤྱུགས་ངེས། ང་ཚོ་ཚང་མ་བྱང་སེམས་ལྡན་པའི་མི་ཡིན་པར་མ་ཟད། ད་དུང་དྲང་མོ་རྐྱང་རྐྱང་གིས་ལས་ཀ་བྱེད་མཁན་ཡིན་པས། དེ་འདྲ་བའི་གདུག་རྩུབ་བཟོད་མི་ནུས།”“གདུག་རྩུབ་ཡིན་ནའང་འདྲ། གདུག་རྩུབ་མིན་ནའང་འདྲ།”ལྭ་བ་ཧྲལ་བོ་གྱོན་པའི་ རྒན་པོ་དེས་མུ་མཐུད་དུ་བཤད་རྒྱུར། “གང་ལྟར་ཡང་སྟག་ལུང་སྡེ་བའི་མི་དག་ལ་ང་རང་ཆ་རྒྱུས་ཡོད། སྐྱ་མོ་དམར་མོའི་ཁ་ལམ་ནས། སྟག་ལུང་གནམ་སྐྱབས་འགྱེལ་བ་རེད། བཅུད་སྤུར་ནགས་ཀྱི་འགག་སྒོ་ནས། སྟག་ལུང་མགོ་རྒན་བཀྲོངས་པ་རེད། ཁོ་ཚོ་ཚང་མ་ངའི་ཁ་ཡ་དང་ན་ཟླ་རེད།” “གནམ་སྐྱབས?མགོ་རྒན?”དོན་གྲུབ་ཀྱིས་ཧ་མ་གོ་བར། “འདི་དག་ཀྱང་མི་རེད་དམ། འོ་ན་ངས་ཅི་ལ་ཐོས་མ་མྱོང༌། ཁྱོད་ཀྱིས་རྫུན་གཏམ་གྱིན་འདུག” “ངས་རྫུན་གཏམ་སོང?ཧ་ཧ་ཧ།”ཁོ་རང་ཧབ་དགོད་ཆེན་པོ་ཞིག་བྱས་ཏེ། “ད་དུང་ཁྱོད་ཀྱི་རྣར་འགྲོ་གྱིན་མི་འདུག་གམ། ཁྱོད་ཀྱིས་ལྟོས་དང༌། མདུན་ཕྱོགས་ཀྱི་རྒས་མོ་དམར་གདན་བཏགས་པ་དེ་ནི་སྟག་ལུང་མགོ་རྒན་གྱི་ཨ་མ་རེད། ཁོ་མོ་གྱོལ་གྱིན་པ་མི་མཐོང་ངམ”ཁོས་བཤད་ཞོར་དུ་མདུན་གྱི་རྒན་མོ་དེའི་གཟུགས་བརྙན་བསྟན་བྱུང༌། བུ་དོན་གྲུབ་ཀྱིས་དེ་མ་ཐག་ཁོ་མོ་ནི་དེ་སྔོན་ཨ་ལགས་ཀྱི་གཟིམས་ཁང་དུ་ནད་གསོ་བྱེད་པར་འོང་བའི་བུ་མོ་གྱོལ་བོ་དེ་ཡིན་པ་རྟོགས། ཉིན་དེར་ཁོ་མོས་ད་དུང་ཀ་ར་རྡོ་རྡོག་པོ་གཅིག་རང་ཉིད་ཀྱི་ཨ་མར་བསྐུར་སོང་བ་མིན་ནམ། ཚང་མས་བཤད་ན་ཁོ་མོ་ནི་དགེ་སློང་མ་དཔའ་མོའི་སྤྲུལ་བ་རེད་ཟེར་ལ་དེ་ཡང་ཨ་ ལགས་ཀྱི་ཞལ་ནས་བསྒྲགས་པ་ཞིག་ཡིན་ཤས་ཆེ། ཁོ་མོ་འདིར་ཅི་ལ་ཡོང་བ་ཡིན་ནམ།

“ད་ནི་ཅི་བྱེད།”ཁོའི་འགྲོ་གྲོགས་ཀྱིས་བཤད་རྒྱུར།“དཔལ་མོ་སྒྲོལ་མས་ཁྱོད་རང་སྟག་ལུང་སྡེ་བ་ནས་འོང་བ་ཤེས་ཚེ་ཤ་འཁོན་རྩོད་ངེས་རེད། གནད་འགག་ནི་དེ་དུས་ཕྱི་ནང་བརྗེ་བའི་མི་མང་བས་རེད། གྲོགས་པོ། གལ་ཏེ་ཁོ་མོས་ཁྱོད་རང་གང་དུ་འགྲོ་རྒྱུ་དྲིས་ཚེ་ཅི་བྱེད། ཡིན་ཡང་ཁོ་མོས་ཁྱོད་རང་ངོ་ཤེས་མི་སྲིད།”
“དེར་ཅི་སྐྱོན།”ཁོས་ཐེ་ཚོམ་མེད་པར། “ང་ཨ་བྲ་གསོད་པའི་རྫས་ཤིག་འཚོལ་དུ་ འགྲོ་བ་ཡིན། ཁོ་མོར་ཡང་རྫས་དེ་ཡོད་ཤས་ཆེ”
ཁོང་གཉིས་ཀས་གོམ་པ་ཇེ་མགྱོགས་སུ་བཏང་ནས་རྒན་མོ་དེའི་རྗེས་སུ་བསྙེགས། སྐབས་དེར། ཁོ་མོའང་བྲེལ་འཚབ་ངང་མདུན་དུ་འགྲོ་བཞིན་འདུག ལོ་ན་འདི་འདྲ་མཐོ་བའི་རྒན་མོ་ཞིག་ལ་མཚོན་ན་ཁོ་མོའི་གོམ་ཁའི་མྱུར་ཚད་ནི་ངོ་མ་བྱ་འཕུར་བ་དང་འདྲ་ཞེས་བཤད་ཆོག ད་དུང་ཁོ་མོ་འགྲོ་ཞོར་དུ་ངག་ནས་སུས་ཀྱང་ཐོས་མི་ཐུབ་པའི་ལྡབ་ལྡིབ་ཀྱི་སྐད་ཆ—ཕལ་ཆེར་གསོལ་འདེབས་ཤིག་འདོན་གྱིན་པ་འདྲ། འགྲོ་གྲོགས་རྒན་པ་དེས་རྗེས་ཆོད་པ་དང་ལག་བསྲིངས་ཏེ་ཁོ་མོའི་རྒྱབ་ཀྱི་དམར་གདན་འདབས་ཀྱི་ཅ་ལ་ནས་འཐེན་ཙམ་བྱས།
“ཨ་ཙི། གདོན་འདྲེ”ཁོ་མོས་ཨག་རིང་ཞིག་བཏབ་བྱུང་༌།

“འདིར་ཅི་བྱུང༌།”འགྲོ་གྲོགས་དགོད་བཞིན་དུ། “དཔལ་མོ་སྒྲོལ་མ། ཁྱོད་ཀྱིས་ད་ནི་ཆུང་འདྲིས་ང་ཡང་ངོ་མི་ཤེས་སམ། འདི། འདི་ནི་སྟག་ལུང་དཔོན་ཕྲུག་རེད།”
“ཨ་ཙི། ངོ་མ་ཟེར་རམ།”རྒན་མོས་བུ་དོན་གྲུབ་ལ་ཞིབ་ལྟ་བྱེད་བཞིན།“བདེན་པར་ འདུག ངོ་མ་བདེན་པར་འདུག མི་རྒྱུད་ལ་ལྟོས་དང་ཁོ་ཨ་ཕ་དང་ཨ་ན་མ་ན་རེད། མ་འགོར་བའི་ སྔོན་དུ་སྟག་ལུང་དཔོན་པོས་རང་ཉིད་ཀྱི་བུ་རྟར་ཞོན་དུ་བཅུག་ཅིང་རྒྱབ་ཏུ་མེ་མདའ་བཏེགས་ནས་མཱ་ཀྲུའུ་ཞིར་སྐུ་སྲུང་དུ་བཏང་བྱུང་ཟེར། ཡིན་ཡང་ཁྱེད་ཀྱིས་ཨེ་ཤེས། ང་རང་ལ་བུ་གཅིག་ཡོད་པ་གཞེས་ནིང་ལོར་མཱ་ཀྲུའུ་ཞིས་དམག་ཁྲལ་དུ་ཁྲིད་བྱུང་༌། ད་ནི་ང་གཅིག་པུ་ཇི་ལྟར་སྡོད། ང་ཡང་ཁྱོད་འཚོལ་དུ་འགྲོ་བ་ཡིན། ད་ནངས་ལམ་ལ་ཆས་དུས་འགའ་རེས་དེ་ཚོ་སླར་འོང་ནས་སྟག་ལུང་སྡེ་བའི་མོ་སྨན་སུམ་ཅུ་ལྷག་བཙན་ཁྲིད་བྱས་སོང་ཟེར། ལམ་བར་དུ་འུར་འུར་གྱི་སྒྲ་སྣ་ཚོགས་ཤིག་ཐོས་བྱུང་ཡང་ཕལ་ཆེར་ཉལ་ཐ་བཙོང་མཁན་དེ་ཚོ་ཡོང་ལ་ཉེ་བའི་སྔོན་བརྡ་ཞིག་ཡིན་པ་འདྲ། ང་རང་བསྡད་ནས་ཉན་ཁོམ་མ་བྱུང་༌། རེད་ཡ། ཁྱོད་ལ་འདི་ལྟར་ཐུག་འགྲོ་ག་ལ་སྙམ། ཁྱོད་གང་ལ་འགྲོ་བ་ཡིན”
བུ་དོན་གྲུབ་ཀྱིས་རང་ཉིད་ཀྱི་ཡོང་རྐྱེན་རྣམས་དྲང་བོར་ཁ་ཁོག་པས་མ་གསང་གློ་རྒྱུ་མས་མ་བསྐུམ་པར་བཤད་པ་དང་༌། རྒན་མོ་དེས་ཀྱང་ཡང་བསྐྱར་ཁོ་ལ་རེ་བ་ཅི་ཡང་བཏོན་མ་བྱུང་༌། ཡིན་ཡང་ཁོའི་འགྲོ་གྲོགས་ཀྱིས་བར་བརྒྱབ་བྱས་ཏེ་ཁོ་མོ་ལ་སྔོན་ཆད་ཀྱི་སྐད་ཆ་དག་དང་བསྡོངས་པའི་འདོད་གཏམ་སྣ་ཚོགས་ལབ་འགོ་བརྩམས་བྱུང་བས། དོན་གྲུབ་ངོ་གནོང་བཞིན་ཅི་ཡང་མ་ཐོས་པ་ལྟར་མགོ་བོ་དུད་བཞིན་སྔོན་དུ་འགྲོ་བཞིན་བསྡད། རྒན་མོ་དེས་ཀྱང་སྣང་དོགས་ཅི་ཡང་མེད་པར་ཧ་ཧོ་ཡི་དགོད་སྒྲ་དང་བཅས་ཕན་ཚུན་རྣོ་བའི་ཚིག་མདའ་འཕེན་རེས་བྱེད་བཞིན་འགྲོ་རྒྱུའང་ཇེ་དལ་དུ་གྱུར།

སྟག་ལུང་སྡེ་བའི་མི་དག་ཀྱང་སྔོན་ནས་སྔ་དྲོ་བྱུང་བའི་སྡུག་བསྔལ་དག་ཕྱི་དྲོ་བརྗེད་ངེས་སུ་འགྱུར་བ་ཤ་སྟག་ཡིན་པས། ཁོ་དང་ཁོ་མོ་གཉིས་ཀའང་དེ་ལས་མ་འདས་པ་འདྲ། ཁོ་མོས་དངོས་གནས་བུ་དོན་གྲུབ་བཙལ་ནས་འོང་དགོས་པའི་དོན་དེ་དག་ཀྱང་བརྗེད་ཚར་འདུག དོན་གྲུབ་ཀྱིས་རྣ་བའི་ཟུར་གྱིས་ཁོང་གཉིས་ཀྱི་སྐད་ཆར་ཉན་བཞིན་སྔོན་དུ་འགྲོ་བཞིན་ཡོད་ཅིང༌་། ཉན་བཞིན་ཉན་བཞིན་ཁོང་གཉིས་ནི་ཕལ་ཆེར་ལོ་བཅུ་ཕྲག་རེ་ཇེ་ཆུང་དུ་འགྲོ་བཞིན་པ་འདྲ། ལམ་བར་དུ་གྲོག་མོ་ཆུང་ངུ་ཞིག་བརྒལ་ནས་ཕར་ཁའི་ཉག་ཁར་སླེབས་འཕྲལ་དོན་གྲུབ་ཀྱིས་གཞི་ནས་རྒན་རྒོན་དེ་གཉིས་ཀ་གྲོག་མོའི་ནང་ནས་ཚུར་མ་འོང་བ་མཐོང༌། ཕ་གིའི་གྲོག་མོའི་ནང་དུ་རྒད་པོའི་ཀླད་པ་དེ་ལན་རེར་མངོན་ཙམ་བྱེད།
“ཧིན་ཧིན། ཁྱོད་གཉིས་ཀྱི་གསང་བ་དེ་སུས་མི་རྟོགས།”དོན་གྲུབ་ཀྱི་གདོང་ལ་ཁྲེལ་འཛུམ་ཞིག་ལངས་ཏེ་ཆིག་ལབ་བྱས། “སླར་ཡང་སྟག་ལུང་སྡེ་བར་སྐྱེས་ཆེན་ཞིག་འཁྲུངས་སུ་འཇུག་ངེས་རེད།”
དོན་དངོས་སུའང་དེ་ལྟར་རེད། ཁོང་གཉིས་འགྲོགས་ནས་ཡུན་རིང་མ་འགོར་བར་དཔལ་མོ་སྒྲོལ་མ་ཞེས་པའི་རྒན་མོ་འདི་ལོ་བརྒྱད་ཅུར་སོན་པའི་ཉིན་དེར་ཁྱེའུ་ཡིད་དུ་འོང་བ་ཞིག་བཙས་ཤིང་མི་ཚང་མའང་ཁོ་ལ་དགའ་བས་མིང་ལ་ཀུན་དགའ་རྒྱལ་མཚན་བཏགས་ཤིང་ཁོས་ནི་སྟག་ལུང་སྡེ་བའི་སྐྱ་སེར་ཀུན་ལའང་གནམ་ལས་ཆེ་བའི་བྱས་རྗེས་བཞག་མྱོང་བར་མ་ཟད། ཨ་ལགས་ཚང་ཡང་ཁོང་གི་སྤྲུལ་བ་ཡིན་ཚུལ་ཨ་མའི་གནའ་བཤད་བུ་དོན་གྲུབ་ཀྱིས་ལན་མང་ཐོས་མྱོང༌་།

བུ་དོན་གྲུབ་ཀྱིས་ཀྱང་མུ་མཐུད་དུ་ཁོང་གཉིས་ལ་ངང་སྒུག་བྱེད་འདོད་མེད་པས་དཔྲལ་བའི་རྔུལ་ཆུ་འབྱིད་ཙམ་བྱས་རྗེས་མུ་མཐུད་དུ་གཅིག་པུར་ལམ་ལ་བསྐྱོད། ཁོ་རང་ཉག་ཁ་དེ་ནས་ཕར་བུད་ཅིང་ཕར་ཕྱོགས་ཀྱི་ལུང་གོག་ཕྱོགས་སུ་འགྲོ་དུས་དེ་ཕྱོགས་ཀྱི་རི་ཀླུང་ཐམས་ཅད་ས་རྡུལ་གྱིས་དཀྲིགས་ཏེ་སྐྱ་སེང་ངེར་སྣང༌་། ཁོ་རང་མུ་མཐུད་དུ་མདུན་སྐྱོད་བྱས་ཏེ་རི་ཁུག་དེར་བབས་རྗེས་ལོ་དུ་མར་མི་སོང་མ་མྱོང་བ་ལྟ་བུའི་སྐེད་ལམ་ཞིག་ལ་ཞུགས། ཅུང་མ་སོང་བར་རྒྱང་རིང་ནས་གྲགས་འོང་བའི་རྟ་ཕོའི་རྨིག་སྒྲ་མང་པོ་ཞིག་རྣ་ལམ་དུ་འཁོར་འོང༌། ཁོས་གོམ་པ་ཇེ་མགྱོགས་སུ་བཏང་ནས་མདུན་དུ་ཕྱིན་པ་དང་བསྟུན་ནས་རྟ་ཕོའི་རྨིག་སྒྲ་དེ་དག་ཀྱང་རིམ་བཞིན་ཇེ་གསལ་ཇེ་གསལ་དུ་གྱུར་ཅིང་ཐག་ཉེར་སོན། ཁོ་རང་ཁ་སྒང་ཞིག་ཏུ་བུད་དེ་ཕར་ཕྱོགས་སུ་ལྟ་དུས། ཨ་ཙི་ཙི། ཁོ་དང་ཐག་མི་རིང་བའི་ཐང་ཁུག་ཏུ་མདའ་མདུང་ནགས་ལྟར་གཟེངས་པའི་རུ་དཔུང་ཆེན་པོ་གཉིས་ཁ་གཏད་དུ་ལངས་ཏེ་རང་རང་སར་རྒྱོབ་སོད་ཀྱི་ང་རོ་འབྲུག་ལྟར་སྒྲོག རུ་དཔུང་གཅིག་བྱང་ཕྱོགས་སུ་ཡོད་ཅིང་རུ་དར་སྟེང་དུ་ཕག་མགོ་ཞིག་བྲིས་འདུག་པ་དང༌། ལྷོ་ཕྱོགས་ཀྱི་རུ་དཔུང་དེའི་རུ་དར་སྟེང་དུ་འབྲི་མགོ་ཞིག་བྲིས་འདུག བུ་དོན་གྲུབ་ཧ་ལས་པར་གྱུར་ཏེ་དེ་གར་ལངས་ཏེ་ཞིབ་ལྟ་བྱེད་དུས་ཕྱོགས་གཉིས་ཀའི་དམག་དཔོན་དག་ནི་དགེ་སློང་ཤ་སྟག་ཡིན་ཞིང་ཁོ་ཚོའི་ཁྲབ་ཀྱི་ཕྱི་ངོས་སུ་ཕྲེང་བ་རེ་བསྣར་ཡོད་པའང་མཐོང་ཐུབ། བྱིངས་ཀྱི་དམག་མི་ཚང་མའང་ཁྲབ་རྨོག་མནབས་པའི་བནྡེའི་རིགས་ཁོ་ན་ རེད། ཁོ་ཚོ་ཚང་མས་ཀྱང་དཔའ་ཧང་བའི་ངང་རྒྱལ་ཁ་གཞན་ལག་ཏུ་མི་འཆོར་བའི་ཁ་ཕོ་བསྡམས་ཡོད་ལ། རྒྱང་རིང་བའི་སར་བསང་དུད་འཕྱུར་བའི་གམ་དུ་དགོན་པའི་བླ་མ་ཆེ་ཆུང་དག་གིས་ཀྱང་དེ་ཕྱོགས་སུ་བལྟས་ཏེ་དམག་འཁྲུག་གི་མཇུག་འབྲས་ལ་སེམས་ཁྲལ་བྱེད་བཞིན་འདུག བུ་དོན་གྲུབ་ཀྱང་ཐད་ཀར་བླ་མ་དག་གི་གམ་དུ་ཕྱིན་ཏེ་ལོ་ན་རྒན་པའི་བླ་མ་ཞིག་ལ་ཡང་སྙིང་དོན་ཅི་ཞིག་བྱུང་བ་དྲིས།
“ཅི་ཟེར།”བླ་མ་རྒན་པ་དེས་ཧ་ལས་པ་ལྟར།“ཁྱོད་འདི་ལྟར་ཡོང་ངམ། འདི་གར་དམག་འཁྲུག་རྒྱག་གྱིན་པ་མི་མཐོང་ངམ། མྱུར་མོར་ཕར་ལ་སོང༌།”“ངས་འདྲི་བ་ནི་དམག་འཁྲུག་ཅི་ཡིན་པ་དེ་ཡིན།” “མཆོད་གཞིས་རྩོད་པ་རེད།” “མཆོད་གཞིས་གང་རྩོད་པ་རེད།” “མཆོད་གཞིས་གང་༌།”ཧ་ཅང་བྱང་སེམས་ལྡན་པའི་བླ་མ་ཞིག་ཚུར་འོང་སྟེ། “མཆོད་གཞིས་གཅིག་མ་གཏོགས་གང་ན་ཡོད། སྟག་ལུང་སྡེ་བ་རྩོད་པ་རེད། འོ་ན་ཁྱོད་གང་ལ་འགྲོ་བ་ཡིན།” “ང?”བུ་དོན་གྲུབ་ཅི་ཞིག་གི་ནང་དུ་མགོ་འཁོར་བ་ལྟར།“ང་ནི་ཨ་བྲ་གསོད་པའི་ རྫས་ཤིག་འཚོལ་དུ་འགྲོ་བ་ཡིན” “དེས་ན་གཡོན་ཕྱོགས་ཀྱི་ལམ་གན་དེད་དེ་སོང་ན་བཟང༌།”ཁོས་ཐང་གཤམ་དུ་ཡོད་ པའི་ལམ་ཞིག་བསྟན་ནམ།“ད་ནི་དུས་ཚོད་ཀྱང་མི་སྔ་བར་འདུག མྱུར་མོར་སོང་དང་ཕན་ངེས”“བཀའ་དྲིན་ཆེ”

ཁོ་རང་ཡང་བླ་མ་དེས་བསྟན་པའི་ཐང་གཤམ་དེ་བརྒལ་ནས་ཡུན་རིང་མ་སོང་བར་རིམ་བཞིན་གཡས་གཡོན་དུ་ཁང་བ་སྐྱ་ལེབ་བ་རེ་ཡང་མཐོང་རྒྱུ་འདུག་པས་ཁོས་ཀྱང་ད་ནི་སླེབས་ལ་ཉེ་བ་རྟོགས། འོན་ཀྱང་དོན་གྲུབ་ཀྱིས་སླར་ཡང་ཁང་བ་དེ་དག་ལ་ཞིབ་ལྟ་བྱེད་དུས་དེ་དག་ནི་ཁང་བ་ཞིག་ག་ལ་ཡིན། དེ་ནི་ཆར་ཤུལ་ནས་གསར་དུ་སྐྱེས་པའི་ཤ་མོ་དག་ཡིན་པ་རེད། ཁོས་ཀྱང་ས་འདི་གའི་ཁང་བ་ནི་ཕལ་ཆེར་ཤ་མོ་དང་དབྱིབས་འདྲ་བ་ཞིག་ཡིན་པ་ཤེས། ཅུང་མ་འགོར་བར་དངོས་གནས་ད་སྔོན་གྱི་ཤ་མོ་དག་དང་འདྲ་བའི་ཁང་བ་དག་གི་གམ་དུ་སླེབས་བྱུང་ལ། དེ་གའི་མི་དག་གིས་ངག་མི་སྨྲ་བར་རྣམ་འགྱུར་སྣ་ཚོགས་བསྟན་ཏེ་ཁ་བརྡ་བྱེད་ཀྱིན་མཆིས་པས་ཁོ་རང་ཡང་ཡ་མཚར་བོ་བྱུང༌། ཁོས་རྒད་པོ་ཞིག་ལ།“ཁྱོད་ཚོ་ཚང་མ་ལྐུགས་པ་ཡིན་ནམ”ཞེས་དྲིས་པས། “བསྟན་བཤིག་ཁྱོད” རྒད་པོ་ཁྲོས་དྲགས་སྟེ། “ཁྱོད་ཀྱིས་ང་ཚོ་ལྐུགས་པ་རེད་ཟེར་རམ” “འོ་ན་ཁྱོད་ཚོས་སྐད་ཆ་མི་ཤོད་པ་ཅི་ཡིན།” “ཁྱོད་ཀྱིས་མི་ཤེས།” རྒད་པོ་ཅུང་ཕམ་པའི་ངང་༌།“ང་ཚོའི་བཙད་པོ་བཀྲོངས་སོང༌། དེ་བས་མི་རྣམས་ཀྱིས་ཉིན་ཞག་ཞེ་དགུར་སྡོམ་པ་སྲུང་གིན་ཡོད་པ་རེད། ཁྱོད་ཁྱོད”རྒད་པོ་སླར་ཡང་ཁྲོས་བྱུང༌་། “ལྟས་ངན་ཁྱོད་ཀྱིས་ངའི་སྡོམ་པ་འཆོར་དུ་བཅུག་པ་རེད།” “མིན་ཨ་ཁུ། སྡེ་བ་འདིའི་མིང་ལ་ཅི་ཟེར། བཙད་པོ་ཟེར་བ་ཅི་རེད།” “འདི? འདི་མི་ཤེས་སམ།”རྒད་པོ་སླར་ཡང་ལྷོད་དུ་བབས་བྱུང༌། “སྡེ་བ་འདིའི་མིང་ལ་སྟག་ལུང་སྡེ་བ་ཟེར། བཙད་པོ་ཟེར་བ་ནི་སྟག་ལུང་དཔོན་པོ་རེད།”

སྐབས་དེར། ད་སྔོན་དོན་གྲུབ་ཡོང་བའི་ཤུལ་དུ་སྐྱ་མི་ཞིག་བྱ་འཕུར་བ་ལྟར་བརྒྱུགས་ནས་ཡོང་བས་་རྒད་པོ་ཡང་དེའི་མདུན་དུ་མྱུར་མོར་བརྒྱུགས། སྐྱ་མི་དེ་ནི་བནྡེ་ཞིག་རེད། ཁོ་རང་རྟ་ལས་བབས་མ་ཐག་མྱུར་མོར་རྒད་པོའི་གམ་དུ་བརྒྱུགས་འོང་སྟེ་ཐུ་བ་ལས་ཁྲག་གིས་སྦགས་པའི་གཟན་དམར་པོ་ཞིག་བཏོན་ནས་བཤད་རྒྱུར།“ཨ་ཁུ། ཨ་ལགས་ཕག་པ་ཚང་གིས་ཨ་ལགས་འབྲི་ཚང་འཁོར་དང་བཅས་པ་བསད་བྱུང༌། བནྡེ་ཡང་བརྒྱད་བརྒྱ་བོ་ཚང་མ་མེད་པར་བཏང་ བྱུང༌། ཁོས་ང་རང་མངགས་ཏེ་ད་ནས་བཟུང་སྟག་ལུང་སྡེ་བས་ཕག་པའི་དགོན་པར་ཁྲལ་འཇལ་བྱེད་དགོས་ཟེར། ཨ་ཁུ། ད་ཅི་བྱེད” “ད་ཅི་བྱེད། འགྲོ་ལ་གྲོས་ཤིག་བྱེད་དང༌། ད་ནི་ཁྲལ་འཇལ་དགོས་པ་འདྲ”རྒད་པོས་འགྲམ་དུ་བུ་དོན་གྲུབ་ལངས་ཏེ་ཡོད་པའང་བརྗེད་པ་ལྟར་བང་མི་དེ་ཁྲིད་ནས་ཕར་ལ་བུད་སོང༌། དོན་གྲུབ་ཀྱིས་ད་སྔོན་བྱུང་བའི་དོན་དག་གི་མཐིལ་རྟོགས་ཏེ་མགོ་བོ་འཕྲེད་དུ་གཡུག་གིན་སླར་ཡང་ལམ་ལ་ཆས། འདི་ནས་བཟུང་སླར་ཡང་ནགས་ཚལ་ཆེན་པོ་ཞིག་གི་ཀློང་དུ་ལམ་བུ་དེ་འཐེན་འདུག་ཅིང༌། ཁོ་རང་ལའང་ད་ནི་ཕྱིར་ལོག་འདོད་པའི་སྣང་བ་ཅི་ཡང་མ་སྐྱེས་པར་མུ་མཐུད་དུ་ལམ་བུ་དེ་ཉུལ་ནས་མདུན་དུ་སོང༌། ལམ་བར་དུ་ཁོའི་སེམས་ལའང་དེང་ཐོག་གེ་སར་རྒྱལ་བོ་མི་རྐྱང་རྟ་རྐྱང་དུ་གཅིག་པུར་ཡར་ཁམས་བྱང་མའི་རི་རྒྱུད་དུ་འགྲོ་བའི་ལམ་བུའང་འདི་ཡིན་པའི་སྣང་བ་ཤར་བ་དང་༌། ལམ་བར་དུ་འཕྲད་བྱུང་བའི་དོན་རྐྱེན་དང་མི་སྣ་ཚོགས་པ་དེ་དག་ཀྱང་ཁོང་གི་སྤྲུལ་བ་ཁོ་ན་ཡིན་པར་སྙམ་སྟེ་ད་སྔོན་གྱི་རྒན་རྒོན་དེ་གཉིས་ཀྱི་བྱེད་སྟངས་དང་རྣམ་འགྱུར་དག་ཀྱང་ཡིད་དུ་དྲན། ཡིན་ནའང་ཨ་མའི་གནའ་གཏམ་ལས་བཤད་པའི་རྒན་མོ་དེའི་བུ་ཀུན་དགའ་རྒྱལ་མཚན་ནི་ཨ་ལགས་ཕག་པ་ཚང་ཡིན་མིན་ནི་ཕལ་ཆེར་ནམ་ཡིན་ཡང་གསང་བ་ཞིག་ཡིན་པ་འདྲ། ཡུན་རིང་ཙམ་ལ་སོང་མཐར་གཞི་ནས་སླེབས་བྱུང༌།

 

བུ་དོན་གྲུབ་ཀྱིས་བལྟས་པ་ན། མདོག་དཀར་ཞིང་མཆོད་རྟེན་དབྱིབས་ཅན་གྱི་བརྗིད་ཆགས་པའི་ཕོ་བྲང་ཆེན་པོ་དེ་ལྷ་ཁང་ཞིག་ཏུ་གྱུར་ལ་སླར་ཡང་ཕོ་བྲང་དུ་གྱུར། ཕལ་ཆེར་མིག་འཁྲུལ་ཇི་བཞིན་ལྐོག་གྱུར་ངང་དུ་གནས། ཁོ་རང་ཡང་ཐད་ཀར་སོང་བ་ན་སྒོ་སྲུང་གཉིས་ཀྱིས་ཁོ་རང་བཀག་སྟེ། “ལམ་ཡིག་ཁྱེར་ཤོག”ཟེར། བུ་དོན་གྲུབ་ཀྱིས་བྲང་ཁུག་ལས་ཉེ་སྔོན་སྲིད་གཞུང་ནས་བླངས་པའི་གཞུང་ཐེལ་དམར་པོ་ཅན་གྱི་ཤོག་བྱང་དེ་བླངས་ཏེ་ཁོ་གཉིས་ལ་བསྟན། སྒོ་སྲུང་བ་གཉིས་ཀྱིས་ཤོག་བྱང་དེའི་སྟེང་དུ་ཡུན་རིང་དུ་ཞིབ་ལྟ་བྱས་རྗེས་རང་རང་སར་བགད་བྱུང༌། “དོན་ཅི་ཡང་གོ་རྒྱུ་མི་འདུག ངོ་མ་གནམ་ཡིག་ཅིག་དང་འདྲ།” “རེད་ཡ།”སྒོ་སྲུང་བ་གཞན་ཞིག་ཚུར་འཁོར་ཏེ་ན་རེ། “ཁྱོད་རང་གང་དུ་འགྲོ་བ་ ཡིན།” “ང?”དོན་གྲུབ་ཚམ་ཚོམ་ངང“ང་རང་ཨ་བྲ་གསོད་པའི་རྫས་ཤིག་འཚོལ་དུ་འགྲོ་བ་ཡིན།”ཁོང་གཉིས་ཀ་སྔར་ལས་ཀྱང་ཡ་མཚར་ཏེ།“ཨ་བྲ་ཟེར་བ་ཅི་རེད”ཟེར། “ཁོ་ཚོས་མི་འགྱངས་པར་ང་ཚོའི་འདུག་གནས་འཕྲོག་ངེས་རེད།” “མ་གཞི་སྲིན་པོའི་རིགས་ཤིག་ཡིན་ཤས་ཆེ།” ཁོང་གཉིས་ཀྱིས་ཕན་ཚུན་ལ་དེ་ལྟར་བཤད་རྗེས“འདི་ནི་དོན་དག་གལ་ཆེན་ཞིག་རེད། མྱུར་མོར་ནང་དུ་སོང༌”བུ་དོན་གྲུབ་ནང་དུ་འཛུལ་མ་ཐག་ཕྱོགས་བཞི་ནས་མི་ཚོགས་འཚང་ཀ་ཤིག་ཤིག་ཏུ་སྡོད་ཅིང་ཚང་མས་མགྲིན་དབྱངས་མཐོན་པོས།“ལྷ་རྒྱལ་ལོ། ལྷ་རྒྱལ་ལོ། ལྷ་རྒྱལ་ལོ།”ལན་གསུམ་བོས་མ་ཐག་དར་ལ་བབས་པའི་ན་ཆུང་མ་འགས་གདུགས་དང་རྒྱལ་མཚན་མང་པོ་བསྒྲེངས་ཤིང་ཁོ་རང་སྐས་ལས་བྱོན་པར་ཞུས། ཁོས་དེ་གར་ཡོད་པའི་ལོ་ན་རྒན་ཞིང་གོས་ཆེན་གྱོན་པའི་རྒན་པོ་ཞིག་ལ་ཨ་བྲ་དག་ཚར་གཅོད་བྱེད་པའི་རྫས་དེ་གང་དུ་ཡོད་པ་དྲིས་པ་ན། རྒན་པོས་སྐས་གདང་ལས་བུད་པའི་སྡིངས་ཆར་ཡོད་པའི་རྡོ་རིང་མཐོན་པོ་དེ་བསྟན་ནས་དེའི་སྟེང་དུ་གསལ་བོར་འཁོད་ཡོད་ཟེར། དེ་མ་ཐག་ཁོ་རང་གཅིག་པུ་གོག་མ་བརྒྱུགས་ངང་སྐས་མགོར་བུད་ཅིང་རྡོ་རིང་དེའི་ངོས་སུ་བལྟས་པ་ན། དངོས་གནས་ཧ་ལས་སོང༌། དབྱིབས་དང་ཁ་དོག་མི་འདྲ་བའི་རྫས་སྣ་ཚོགས་འཇའ་འོད་འཁྲིགས་ཏེ་ཡོད་པ་མཐོང་བས། “འདི་ན་འདུག འདི་ན་འདུག”ཁོ་རང་དགའ་དྲགས་སྟེ་ས་ལྡིང་གནམ་ལྡིང་བྱེད་པའི་སྐབས་སུ་ཅི་བྱུང་མེད་པར། སིར་སྒྲ་དང་བཅས་གློག་ལྟར་མྱུར་བའི་མདའ་མོ་ཞིག་གར་ཡོང་མི་ཤེས་པར་ཐད་ཀར་ཁོའི་དཔྲལ་བའི་སྟེང་དུ་ཕོག་སྟེ་ས་རུ་འགྱེལ།

ཡུན་རིང་ཙམ་ནས་བུ་དོན་གྲུབ་ཀྱི་རིག་པ་ཅུང་སོར་ཆུད་པ་ན། ཁོའི་མིག་ལམ་དུ་རབ་རིབ་ངང་མངོན་ཡོང་བ་ནི་སྟག་ལུང་སྡེ་བ་ཡིན་ལ་དེ་འཕྲལ་སླར་ཡང་མུན་ནག་ཅིག་གིས་བསྒྲིབས། སླར་ཡང་མིག་ཕྱེད་ཙམ་ཕྱེ་དུས། འཇིག་རྟེན་སྟེང་གི་ཨ་བྲའི་དཔུང་ཚོགས་ཚང་མ་ཆས་ཏེ་སྟག་ལུང་སྡེ་བ་ཟོས་ཚར་བའི་གནས་ཚུལ་དངོས་མཐོང་བྱུང་༌། ད་དུང་ཁོའི་ཨ་མའི་ལག་པ་ཡ་གཅིག་ཨ་བྲ་གཉིས་ཀྱིས་སུག་འཐེན་བྱས་ཏེ་འཕྲོག་རྩོད་བྱེད་ཀྱིན་འདུག

ཁོས་སྙིང་ནས་མ་བཟོད་པར “ཨ-མ-”ཞེས་བོས་མ་ཐག་ཁོའི་མིག་ལམ་ཡོངས་རྫོགས་དམར་པོ་ནས་ནག་པོར་གྱུར་ཏེ་རིམ་བཞིན་དབུགས་རྒྱུ་ཆད་པར་གྱུར།
ཕྱི་ཉིན། ཉི་མ་ཤར་ཕྱོགས་ཀྱི་རི་རྩེ་ནས་ཤར་དུས། སྔོན་ནས་སའི་གོ་ལའི་སྟེང་དུ་སྟག་ལུང་སྡེ་བ་དེ་ཤུལ་མེད་དུ་ཡལ་ཟིན་འདུག དེ་ནས་བཟུང་༌། སའི་གོ་ལའི་སྟེང་དུ་ཡང་བསྐྱར་སྟག་ལུང་སྡེ་བ་གཞན་ཞིག་མངོན་མི་སྲིད་ལ། དེ་ནི་ཁོ་ཚོས་གླེང་བའི་ཁོ་ཚོའི་ལས་དབང་གིས་གཏན་འཁེལ་བྱས་པ་རེད། དེ་ལ་བཟློག་ཐབས་མེད།

Leave a Reply