བོད་ཀྱི་ལོ་ཙཱ་བ་རིམ་བྱོན་གྱིས་ལེགས་སྦྱར་སྐད་བོད་སྐད་དུ་ཇི་ལྟར་བསྒྱུར་ཚུལ།

ཨ་ལགས་ཚེ་ཏན་ཞབས་དྲུང་།

 བོད་ཀྱི་ལོ་ཙཱ་བ་མཁས་པ་རྣམས་ཀྱིས་ལེགས་སྦྱར་སྐད་ལས་བོད་སྐད་དུ་རྒྱལ་བའི་བཀའ་དང་བསྟན་བཅོས་ཀྱི་གླེགས་བམ་ཇི་ལྟར་བསྒྱུར་བའི་ཚུལ་ལ།བཙན་པོ་ཁྲི་སྲོང་ལྡེ་བཙན་དབོན་སྲས་ཀྱི་སྐུ་རིང་ལ་བསྒྱུར་ཚུལ་སྐོར་ཐག་གཅོད་པའི་ཡིག་ཆ་༼སྒྲ་སྦྱོར་བམ་གཉིས༽་ཞེས་བྱ་བ་དང་།༼བྱེ་བྲག་རྟོགས་བྱེད༽་ཅེས་བྱ་བའི་དགོངས་དོན་ལྟར་ན་བསྒྱུར་ཚུལ་གསུམ་ཡོད་དེ།

དང་པོ། དོན་བསྒྱུར་ཇི་ལྟར་བྱས་ཚུལ། ལེགས་སྦྱར་སྐད་ཀྱི་དོན་དང་མཐུན་པར་བོད་སྐད་དུའང་དེ་གསལ་བར་རྟོགས་ཐུབ་པའི་མིང་དུ་བསྒྱུར་བ་སྟེ།པྰ་ར་མི་ཏ་ཕ་རོལ་དུ་ཕྱིན་པ་ཞེས་བསྒྱུར་བ་ལྟ་བུ་སྟེ། ཕ་རོལ་དུ་ཕྱིན་པའི་དོན་ནི། དཔེར་ན་ཆུ་ཀླུང་ཆེན་པོའི་ཚུ་རོལ་ནས་ཕ་རོལ་དུ་བརྒལ་བའི་དོན་དང་ །ཡོ་ག་རྣལ་འབྱོར་དུ་བསྒྱུར་བ་ནི། རྣལ་མ་སྟེ་ཡང་དག་པའི་དམིགས་ཡུལ་ལ་སེམས་རྩེ་གཅིག་ཏུ་མཉམ་པར་འཇོག་པའམ་འབྱོར་བའི་དོན་དང་མཐུན་པར་བསྒྱུར་བ་དང་། ས་ཏྭ་སེམས་དཔར་བསྒྱུར་བ་ནི། གཞན་གྱི་དོན་གྲུབ་པ་གཙོ་བོ་ཡིད་ལ་སེམས་པའི་ཆ་ནས་སེམས་པ་ཞེས་པ་ཡིན་ན་ཡང་། གཞན་དོན་སྒྲུབ་པ་ལ་མི་ཞུམ་པའི་སེམས་དཔའ་བ་དང་ལྡན་པའི་དོན་ཐོན་པར་བྱས་པ་ནི་ལོ་ཙཱ་བ་རྣམས་གཞན་དོན་སྒྲུབ་པ་ལ་མི་ཞུམ་པའི་སེམས་དཔའ་དང་ལྡན་པའི་དོན་ཐོན་པར་བྱས་པ་ནི་ལོ་ཙྰ་བ་རྣམས་ཀྱིས་ཇེ་གསལ་དུ་བཏང་བ་ལྟ་བུ་སྟེ། འདི་དག་ནི་དོན་བསྒྱུར་ཇི་ལྟར་བྱས་པའི་ཚུལ་མདོར་བསྡུས་པ་ཙམ་མོ།།

 

གཉིས་པ། ཐད་བསྒྱུར་ཇི་ལྟར་བྱས་ཚུལ།ལེགས་སྦྱར་གྱི་ཡི་གེ་རེ་རེས་དོན་ཅི་སྟོན་བོད་སྐད་ལའང་དེ་དང་མཐུན་པར་ཐད་ཀ་ཐད་སོར་བསྒྱུར་བ་སྟེ། པྲ་ཛྙཱ་ཞེས་པ་ཤེས་རབ་ཡིན་ལ། པྲ་ནི་རབ་དང་མཆོག་གི་དོན་དང་། ཛྙཱ་ནི་ཤེས་རབ་དང་མཁྱེན་པའི་དོན་ཏེ། བོད་སྐད་དུ་རབ་ཤེས་ཞེས་པ་བརྗོད་པ་མཆོག་མི་བདེ་བས་ཤེས་རབ་དུ་བསྒྱུར་བ་དང་། སུ་དྷཱི་ཞེས་པ་བློ་བཟང་སྟེ། སུ་ནི་བཟང་པོ་དང་། དྷཱི་ནི་བློ་སྟེ། བརྗོད་བདེ་བའི་དབང་གིས་བློ་བཟང་ཞེས་བསྒྱུར་བ་དང་། རིན་པོ་ཆེ་ཨིནྡྲ་ནཱི་ལ་ཞེས་པ་དབང་སྔོན་ཏེ། ཨིནྡྲ་ནི་དབང་པོ་དང་། ནཱི་ལ་ནི་སྔོན་པོ་ཡིན་པས། དབང་སྔོན་དུ་བསྒྱུར་བ་སྟེ། འདི་ལྟ་བུའི་སྒོ་ནས་ཐད་བསྒྱུར་བྱས་པའི་ཚུལ་གོ་བར་བྱའོ།།

 

གསུམ་པ། སྒྲ་བསྒྱུར་ཏེ་ལེགས་སྦྱར་སྐད་རང་སོར་བཞག་པའི་སྐོར།ལེགས་སྦྱར་གྱི་སྐད་བོད་སྐད་དུ་མ་བསྒྱུར་ན་གོ་སླ་བར་འགྱུར་བའི་རིགས་སྔགས་སྐད་རང་སོར་བཞག་པའི་ཚུལ་ལ་གཉིས་ལས།

༡ ཡི་གེ་ཅུང་ཟད་ཀྱང་མ་འགྱུར་བར་རང་སོར་བཞག་པའི་སྐོར་ལ། དཔེར་ན། ཆུ་ལས་སྐྱེས་པའི་མེ་ཏོག་པདྨ། འདབ་མའི་དཀྱུས་ཕྲ་ཞིང་རིང་བའི་མེ་ཏོག་ཨུཏྤལ། དྲི་ཞིམ་གྱི་ངད་ལྡང་བའི་སྡོང་བོ་ཙནྡན། རྭ་ཅོ་དང་འདྲ་བའི་སྦུབས་སུ་སྐྱེས་པའི་མེ་ཏོག་ཙམྤ་ཀརྒྱ་གར་གྱི་ཆུ་ཀླུང་ཆེན་པོ་གངྒཱ་ཞེས་པ་ལྟ་བུ་རྣམས་ནི་སྔོན་བྱོན་ལོ་ཙཱ་བ་རྣམས་ཀྱིས་ཡིག་དོན་ལྟར་བསྒྱུར་ན་འགངས་མི་ཆེ་བར་བསམས་ནས།ཡི་གེ་ཡང་མ་འགྱུར་བར་བཀོད་པ་ཤུགས་ཆེ་སྟེ། གལ་ཏེ་བསྒྱུར་ན། གངྒཱ་ཞེས་པ་འགྲོ་ལྡན་མར་བསྒྱུར་ཆོག་ཀྱང་། དེ་ལྟར་མ་བསྒྱུར་བར་རང་སོར་བཞག་པའི་དགོས་པ་ནི། གངྒཱ་ཞེས་བརྗོད་ན་ཀུན་གྱིས་རྟོགས་སླ་བ་དང་། འགྲོ་ལྡན་མ་ཞེས་བསྒྱུར་ན་མངོན་བརྗོད་ཀྱི་ཚུལ་དུ་གྱུར་པས་ཀུན་གྱིས་རྟོགས་དཀའ་བའི་དབང་གིས་ཡིན་ནོ།།

གཞན་ཡང་མཚོ་ལས་སྐྱེས་པའི་པདྨ་དང་དྲོ་སར་སྐྱེས་པའི་ཙམྤ་ཀ་སོགས་བོད་བསིལ་བའི་ཡུལ་དུ་མི་སྐྱེ་བའི་དབང་གིས་བོད་རང་ལ་དེའི་མིང་བརྡ་མ་བྱུང་བའི་རྒྱུ་མཚན་གྱིས་བོད་སྐད་དུ་བསྒྱུར་བ་ལས་ལེགས་སྦྱར་སྐད་རང་སོར་བཞག་ན་གོ་སླ་བའི་དགོས་པ་ཡོད་དོ།།

དེ་ནི་དཔེར་ན་སྔོན་གྱི་དུས་སུ་བོད་ཀྱིས་སོན་འདེབས་མི་བྱེད་པའི་ཙོང་དང་ཀེའུ། ལ་ཕུག སྐེ་ཙེ་སོགས་རྒྱ་ནག་གི་སྐད་སོར་བཞག་བྱས་པ་རིམ་གྱིས་ཅུང་ཟད་ཆག་པ་དེ་ད་ལྟ་བོད་རང་གི་སྐད་མཚན་ཉིད་པར་གྱུར་ཟིན་པར་མ་ཟད། དག་ཡིག་རྣམས་སུའང་དེ་ལྟར་བཀོད་པས་མཚོན་ནོ།།

དཔེ་དེ་དང་འདྲ་བ་ནི་རྒྱ་ནག་ལ་མེད་པའི་རྩམ་པ་དང་། གངས་ཏི་སེ།ཡར་ཀླུང་གཙང་པོ་རྣམས་ཀྱི་མིང་ཡང་ཟུར་ཅུང་ཟད་རེ་ཉམས་ནས་འབོད་པའི་ཐ་སྙད་རྒྱ་ནག་ལ་དར་སོ་ཆེ་བ་དེ་བཞིན་ནོ།།

བོད་ཀྱི་གདངས་ལ་ཡང་སྔགས་སྐད་ཟུར་ཕྱིན་པ་ཐོན་མི་ཐོན་ཅི་རིགས་ཡོད་ཀྱང་། ཡི་གེ་ལ་སྔགས་ཡིག་ཇི་མ་ཇི་བཞིན་འབྲི་ཐུབ་པའི་གནད་ནི་བོད་ཡིག་གི་འབྱུང་ཁུངས་ལེགས་སྦྱར་གྱི་དབྱངས་གསལ་ལ་ཐུག་པ་དེ་ག་ཡིན་ལ། རྒྱ་ནག་གི་སྐད་ལ་སྔགས་ཡིག་གི་གདངས་ཇི་བཞིན་ཐོན་ཐབས་མེད་པ་ནི། རྒྱ་ནག་གི་སྐད་དང་ཡི་གེ་ལ་སྔགས་ཀྱི་གདངས་འགའ་རེ་ནི་ཇི་ལྟར་བྱས་ཀྱང་ཐོན་ཐབས་མེད་དེ། དཔེར་ན། ཨ་མི་ཏ་བྷ་འོད་དཔག་མེད་ལ་ཨ་མིས་ཐོ་ཧྥོ་དང་། རྗེ་བཙུན་བྱམས་པ་མི་ཏྲི་ལ་མུས་ལེ་དང་། ག་ཡ་ཞེས་པ་འོད་སྲུང་ལ་ཀྱ་ཡ།མཆོག་ཟུང་ཤ་རིའི་བུ་ལ་ཧྲེ་ལེས་ཙི་དང་། ཨ་ནནྟ་ཀུན་དགའ་བོ་ལ་ཨ་ནན་ཐོ་སོགས་རྒྱ་ནག་གི་ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་བཀའ་བསྟན་ནང་དུ་བསྒྱུར་ཡོད་པ་ལྟར་རོ།།

༢བོད་ཀྱི་ཁ་ལ་བདེ་བའི་ཆེད་དུ་ཡི་གེ་ཅུང་ཟད་རེ་འགྱུར་བ་ལྟར་དུ་གཞུང་རྣམས་སུ་བཀོད་པའི་སྐོར། ཛམྦུ་དཱི་བ་ཞེས་པ་འཛམ་བུའི་གླིང་དུ་འབོད་པ་ནི། དཱི་བ་ནི་གླིང་དུ་བསྒྱུར་བ་དོན་བསྒྱུར་དང་། ཛམྦུ་ཁ་ལ་བདེ་ཆེད་དུ་སྔོན་འཇུག་འ་སྦྱར། བརྩེགས་མ་ཕྲལ། རྣམ་དབྱེའི་འབྲེལ་སྒྲ་སྦྱར་ནས་བོད་ཡིག་གི་སྦྱོར་སྟངས་དང་བསྟུན་ཏེ་འཛམ་བུའི་གླིང་ཞེས་སུ་གྲུབ།དེ་བཞིན་དུ་ཀལྤ་ཞེས་པ་དུས་རིང་མོའི་མིང་ལ་བསྐལ་པ་ཞེས་སྔོན་འཇུག་བ་དང་ས་མགོ་སྦྱར་བ་དང་། ཀཏྤཱུར་ཞེས་པ་ཡི་གེ་ཕྲལ་བ་ཙམ་དུ་མ་ཟད་ཡི་གེ་འགྱུར་བའི་སྨན་ག་བུར་དང་།ཀུངྐུ་མ་ཞེས་པ་གུར་ཀུམ་དུ་འགྱུར་བ་དང་། སིང་ཧ་ཞེས་པ་སེངྒེའམ་སེང་གེ་རུ་འགྱུར་བ་དང་། པུསྟི་ཀ་ཞེས་པ་གླེགས་བམ་སྟེ་པོ་ཏི་རུ་འགྱུར་བ་སོགས་འདི་འདྲ་བགྲང་གིས་མི་ལང་བ་ཡོད་པས། འདིར་འགའ་རེ་དཔེར་བརྗོད་པ་ཙམ་གྱིས་གཞན་རྣམས་ཀྱང་མཚོན་པར་བྱའོ།།

སྔོན་བྱོན་ལོ་ཙཱ་བ་གྲགས་ཅན་འགའ་རེའི་མཚན་ཙམ་སྨོས་པའི་སྒོ་ནས་མཚམས་སྦྱོར་བྱེད་པ་ལ།

དུས་རབས་བརྒྱད་པའི་སྐབས་སུ་ལོ་ཙཱ་བ་ཆེན་པོ་སྐ་བ་དཔའ་བརྩེགས་དང་། ཅོག་རོ་ཀླུའི་རྒྱལ་མཚན། ཞང་ཡེ་ཤེས་སྡེ་རྣམས་ཀྱིས་འདུལ་བ་ལུང་སྡེ་བཞི་དང་། ཡུམ་འབུམ་པ།ཕལ་པོ་ཆེ། དཀོན་མཆོག་བརྩེགས་པ་སོགས་བསྒྱུར།

བསྟན་པ་ཕྱི་དར་གྱི་སྐབས་སུ་མངའ་རིས་པ་ལོ་ཆེན་རིན་ཆེན་བཟང་པོ་ཁ་ཆེར་ལན་གསུམ་ཕེབས། རྣལ་འབྱོར་རྒྱུད་དང་གསང་བ་འདུས་པའི་རྒྱུད་དང་། དེ་དག་གི་འགྲེལ་བ་མང་པོ་བསྒྱུར། འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་བལ་བོ་དང་རྒྱ་གར་དུ་ཕེབས་ནས་ལོ་བཅུ་ཙམ་བཞུགས། བརྟག་གཉིས་སོགས་མ་རྒྱུད་སྐོར་མང་པོ་བསྒྱུར། སློབ་མའི་གཙོ་བོ་ས་སྐྱ་བའི་བླ་མ་རྣམས་ཡིན། མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་རྒྱ་གར་དུ་ལན་གསུམ་ཕེབས། པཎ་ཆེན་ན་རོ་པ་དང་མེེ་ཏྲི་བ་སོགས་བསྟེན། གསང་སྔགས་ཀྱི་རྒྱུད་སྡེ་མང་པོ་བསྒྱུར། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ལོ་བཅུ་བདུན་གྱི་རིང་ལ་སློབ་མ་ཉིས་ཁྲི་སུམ་སྟོང་བསྐྱངས། བཀའ་དང་བསྟན་བཅོས་ཤོ་ལོ་འབུམ་ཕྲག་གཅིག་དང་ཁྲི་ཕྲག་སུམ་སྟོང་ཕྲག་བདུན་ལྷག་བསྒྱུར། དེའི་ཕྱིར་རྔོག་ལོ་ཆེན་པོས་འདི་སྐད་གསུངས་ཏེ། “བེེ་རོ་ཙཱ་ན་ནམ་མཁའི་མཐའ་དང་མཉམ།། སྐ་ཅོག་རྣམ་གཉིས་ཉི་ཟླ་ཟུང་གཅིག་ཡིན།། རིན་ཆེན་བཟང་བོ་ཐོ་རེངས་སྐར་ཆེན་འདྲ།། ཁོ་བོ་དེའི་དྲུངས་སྲིན་བུ་མེ་ཁྱེར་ཙམ།། “ཞེས་གསུངས་ཡོད།།

ཕྱིས་ཀྱི་དུས་སུ་ས་སྐྱ་བ་པཎྚི་ཏ་ཀུན་དགའ་རྒྱལ་མཚན། བུ་སྟོན་རིན་ཆེན་གྲུབ། ཤོང་སྟོན་རྡོ་རྗེ་རྒྱལ་མཚན། དཔང་ལོ་ཙཱ་བ་བློ་གྲོས་བསྟན་པ། ལོ་ཆེན་བྱང་ཆུབ་རྩེ་མོ། སྒྲ་པ་ནམ་མཁའ་བཟང་པོ། ཞ་ལུ་ཆོས་སྐྱོང་བཟང་པོ། ལོ་ཆེན་སྐྱབས་མཆོག་དཔལ་བཟང་། སྟག་ཚང་ཤེས་རབ་རིན་ཆེན། ཇོ་ནང་སྒྲོལ་བའི་མགོན་པོ། སི་ཏུ་བསྟན་པའི་ཉིན་བྱེད་སོགས་སྔ་ཕྱིར་བགྲང་ཡས་པ་བྱོན་པ་རྣམས་ཀྱིས་བཀའ་དང་བསྟན་བཅོས་ཀྱི་པོ་ཏི་སུམ་བརྒྱ་དང་ལྔ་བཅུ་ལྷག་བསྒྱུར་བ་ལ་བཀའ་འགྱུར་དང་བསྟན་འགྱུར་ཞེས་གྲགས་པ་འདི་རྣམས་ཡིན་ནོ།།

མདོར་ན། ད་ལྟ་བོད་ན་ཡོད་པའི་བཀའ་དང་བསྟན་བཅོས་ཀྱི་གླེགས་བམ་རྣམས་ལེགས་སྦྱར་གྱི་སྐད་ལས་བོད་སྐད་དུ་བསྒྱུར་བའི་དུས་སུ་ལོ་ཙཱ་བ་རྣམས་ཀྱིས་ཐུགས་གཞིགས་ཟབ་ཅིང་ཞིབ་པ་མཛད་ནས་དོན་བསྒྱུར་བྱས་ན་གོ་སླ་བའི་རིགས་དོན་བསྒྱུར་དང་། ཐད་བསྒྱུར་བྱས་ན་གོ་སླ་བའི་རིགས་ཐད་བསྒྱུར་དུ་བྱས་པ་དེའི་སྟེང་ནས་བོད་གངས་ཅན་གྱི་ལྗོངས་སུ་བཀའ་བསྟན་གྱི་སྙིང་པོ་མངོན་པའི་སྡེ་སྣོད། མདོ་སྡེའི་སྡེ་སྣོད། འདུལ་བའི་སྡེ་སྣོད་དེ་སྡེ་སྣོད་གསུམ་དང་། སྒྲ་དང་ཚད་མ་རིག་པ། སྙན་ངག་དང་གསོ་བ་རིག་པ། སྐར་རྩིས་དང་བཟོ་རིག་པ་སོགས་ཐུན་མོང་གི་རིག་གནས་མཐའ་དག་ལ་འཆད་ཉན་གྱི་སྲོལ་ལེགས་པར་བཏོད་ནས། ད་ལྟའི་བར་དུ་དེའི་རྒྱུན་མ་ཉམས་པར་སྦྱངས་བརྩོན་བྱས་པའི་དབང་གིས་རྨོངས་བློའི་མུན་པ་བསལ་ནས་བླང་དོར་ཚུལ་བཞིན་དུ་འབྱེད་ཤེས་པའི་ཤེས་རབ་ཀྱི་ཉི་འོད་ས་སྟེང་ལ་འཕྲོས་པ་འདི་ནི། སྔོན་བྱོན་ལོ་ཙཱ་བ་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན་པས། བདག་ཅག་རྗེས་སུ་འཇུག་པ་རྣམས་ཀྱིས་བཀའ་དྲིན་དེ་ནམ་ཡང་བརྗེད་པ་མེད་པའི་ངང་ནས་དེའི་རྗེས་སུ་བསླབ་པ་བརྩོན་པ་རྒྱ་ཆེར་བྱེད་པར་རིགས་སོ།།

 

Leave a Reply