སྒྱུག་མོ་ཞིག་གིས་མནའ་མར་བསྐུར་བའི་འཕྲིན།

རྩོམ་མཁན། ལིས་ཡོ་ཀོང་།     བསྒྱུར་མཁན། མ་ངེས།

སྙིང་ཉེ་བའི་བུ་མོ་ལགས། ཅུང་མི་འགོར་བར་ཁྱེད་ངེད་ཚང་གི་མནའ་མར་འགྱུར་ལ་ཉེ་བས། གཤམ་གྱི་ཡི་གེ་འདི་ཁྱེད་ལ་མི་འབྲི་ཐབས་མེད་དུ་གྱུར།  མི་མང་པོ་ཞིག་གིས་མནའ་མ་དང་སྒྱུག་མོའི་འབྲེལ་བ་ནི་ཧ་ཅང་རྙོག་འཛིང་ལྡན་པ་དང་ཐག་གཅོད་ཁག་པོ་ཞིག་རེད་སྙམ་གྱིན་ཡོད། ང་ཡང་ཆུང་དུས་ནས་སྒྱུག་མོས་དགའ་བསུ་ཐོབ་མ་མྱོང་བའི་མནའ་མ་ཞིག་ཡིན་པས། ང་རང་ཡང་སྒྱུག་མོ་བྱ་མི་འདོད་ལ་མནའ་མ་དང་སྒྱུག་མོའི་འབྲེལ་བ་ལེགས་པོ་འཛིན་པར་ཞེད་ནས་གཤམ་གྱི་བསམ་ཚུལ་འདི་དག་ཁྱེད་དང་བརྗོད་འདོད་པ་ཡིན།

 

ཐོག་མར་ཁྱེད་རང་ངེད་ཚང་ལ་ཕེབས་པར་ཁ་མིན་སེམས་ཀྱིས་བསུ་མ་བྱེད། གཉེན་སྒྲིག་ནི་བུད་མེད་སུ་ལ་མཚོན་ནའང་མི་ཚེའི་དོན་ཆེན་ཞིག་ཅི་ལ་མིན། དེ་ཡང་ཁྱོད་ལ་གདམ་གསེས་གཞན་མེད་པའང་ག་ལ་ཡིན། དེ་བས་ངེད་ཚང་གི་མནའ་མ་བྱས་པ་ནི་ཁྱེད་དང་ངའི་བུ་ཆུང་གི་རྣམ་དག་གི་བརྩེ་བའི་ཆེད་ཡིན་པས། སྒྱུག་མོ་ངས་སེམས་གཏིང་ནས་ཁྱེད་ལ་ཐུགས་རྗེ་ཆེ་ཞུ། ང་ནི་རང་གི་བརྩེ་བའི་བུ་ཆུང་དང་འབྲལ་འདོད་མེད་ལ་ན་གཞོན་རྣམས་རང་དབང་གིས་འཚོ་བར་སྤྲོ་བ་རྟོགས། མི་རབས་གཉིས་མཉམ་འདུག་བྱས་ཚེ་དེས་ཁྱེད་ཚོའི་འཚོ་བར་བར་ཆད་ཐེབས་སྲིད་པ་ནི་ཆོས་ཉིད་ཡིན་པས། གཉེན་སྒྲིག་རྗེས་རང་རང་སོ་སོའི་ས་ནས་འཚོ་བ་སྐྱེལ་རྒྱུ་བྱ།

 

དེ་ལྟར་བརྗོད་ཚེ་ཁྱོད་ཡིད་ཆད་ཀྱང་སྲིད་མོད། འོན་ཏེ་ངས་བསམ་བློ་ཞིབ་ཏུ་བཏང་མཐར་ཁྱེད་ལ་བརྗོད་པར་སེམས་ཐག་བཅད། ཁྱེད་ཀྱིས་ང་ལ་ཨ་མ་ཞེས་བོས་ཏེ་ངས་ཀྱང་སྐད་ངག་འཇམ་པོས་ཨ་ལན་ཞིག་སྤྲོད་ངེས་ཀྱང་། འོ་སྐོལ་ནས་ངེས་པར་དུ་དོན་དངོས་ལ་བརྩི་མཐོང་བྱ་དགོས། དོན་དངོས་ནི་ང་ཁྱེད་ཀྱི་ཨ་མ་མིན་ལ་ཁྱེད་ཀྱང་ངའི་བུ་མོ་མིན། ངས་ཁྱོད་བཙའ་བ་དང་གཉོར་སྐྱོང་སོགས་ཀྱི་ལས་གང་ཡང་བྱས་མེད་དེ། ཁྱེད་ལ་ཁྱོ་ག་ཞིག་དང་ལེགས་སྐྱེས་ཙམ་སྦྱིན་པ་ལས་ནུས་པ་གཞན་ཅི་ཡང་འདོན་ཐུབ་མེད། དེ་ལྟ་བུའི་དོན་དངོས་ལ་གོ་བ་བསྐྱེད་པ་ལས་ངས་རང་ཉིད་ཀྱི་གོ་གནས་ལ་ངོས་འཛིན་ཡང་དག་རྙེད་པར་འགྱུར་ལ། ཁྱེད་ཀྱིས་ང་ལ་རང་ཉིད་ཀྱི་མ་ལྟར་བྱམས་པ་དང་། སེམས་ནས་རང་གི་མ་དང་ཁྱད་མེད་དུ་བརྩི་དགོས་པའི་རེ་བ་ཡང་འདོན་མི་སྲིད། དུས་མཚུངས་སུ་ངའི་སེམས་ནས་ཀྱང་བུ་དང་མནའ་མ་གཉིས་ཁྱད་མེད་དུ་བལྟ་བའི་བརྩེ་བ་ཞིག་ཅི་ནས་ཀྱང་སྤྲོད་དཀའ་སྟེ། གལ་སྲིད་བུ་ནད་ཀྱིས་མནར་ཚེ་ཁྱེད་ནད་ཀྱིས་མནར་བ་ལས་ངའི་སྙིང་ན་ཞིང་། གལ་སྲིད་བུའི་གོ་གནས་འཕར་ཚེ་ཁྱེད་ཀྱི་གོ་གནས་འཕར་བ་ལས་ང་སྙིང་དགའ་བར་འགྱུར། དེ་ལྟ་བུའི་ཕྱོགས་ཞེན་གི་སྤྱོད་པས་ཁྱེད་ལ་ཕོག་ཐུག་ཀྱང་བཟོ་སྲིད་པས་བཟོད་གསོལ་ཞུ་བ་ཡིན།  ངས་ཀྱང་ཁྱེད་ལ་མཐོང་ཆེན་ལོས་བྱེད་དེ་ཁྱེད་རང་ངའི་བུ་ཡི་ཚེ་གཅིག་སྐྱ་ཡ་དང་མ་འོངས་བའི་ངའི་ཚ་བོའི་ཨ་མ་ཡིན་པས། འདིས་ང་དུས་ནམ་ཡང་ཁྱེད་དང་དམ་དུ་སྦྲེལ་ཡོད་པ་ཡིན། དགའ་བར་འོས་པ་ཞིག་ནི་དུས་ད་ལྟའི་བར་དུ་འོ་སྐོལ་གྱི་འབྲེལ་བ་ཡག་ཅིང་། ངའི་སེམས་ནས་ཁྱེད་ལ་སྒྱུག་མོས་མནའ་མར་འཛིན་པའི་སྡང་ཞེན་དེ་འདྲ་རྩ་བ་ནས་བཅང་མེད་ལ། རྗེས་ཕྱོགས་ཀྱི་འཚོ་བའི་ཁྲོད་ཀྱང་ངས་ཅི་ནུས་ཀྱིས་འོ་སྐོལ་གཉིས་ཀྱི་འབྲེལ་བ་དེ་སེམས་ཆུང་ངང་སྐྱོང་སྲིད་པ་དང་། གལ་ཏེ་ངའི་སེམས་པ་དགྲ་རུ་ལངས་ཀྱང་ངེས་པར་དུ་རང་ཚོད་འཛིན་ངེས་ཡིན།

 

ངེད་ཀྱི་མི་རབས་འདི་ནི་ཁྱིམ་རྒྱུད་ཆེན་པོ་ཡིན་ལ་བདག་གི་སྒྱུག་མོ་ཡང་བཙན་མོ་ཞིག་ཡིན་པས། སྐབས་དེར་ངའི་འཚོ་བ་ནི་སྒྱུག་མོས་བཀོད་སྒྲིག་རྐྱང་རྐྱང་གི་འོག་ཏུ་རོལ་བ་ཡིན་པ་དང་། དོན་ལ་ལ་ཞིག་ད་ལྟ་དྲན་ན་ད་དུང་ཡང་སེམས་ན་བས་ངས་བུ་ཆུང་དང་ཁྱེད་གཉིས་ལ་ང་ལྟ་བུའི་ཉེས་པ་དེ་ཁུར་དུ་འཇུག་མི་བསམ། ངས་ཀྱང་ཁྱེད་ཅག་གི་དཔལ་འབྱོར་དང་འགྲོ་འདུག་སྤྱོད་གསུམ་ལ་ཐེ་གཏོགས་བྱ་མི་བསམ་ཏེ། དེ་དག་ནི་ཁྱེད་ཚོའི་སྒེར་དབང་གི་དོན་ཡིན་པས་ང་ལ་དབང་ཆ་ཅི་ཡང་མེད། འོན་ཀྱང་སྐབས་སྐབས་སུ་བདེ་ཐང་གི་ཟས་རིགས་དང་གཉིད་གཅོག་པ་སོགས་ཀྱི་དོན་ལ་ངས་ཀྱང་བསམ་ཚུལ་རེ་འགའ་འདོན་སྲིད་མོད་དེ་དག་དང་ལེན་བྱ་མིན་ཁྱེད་ཅག་ལ་རག་ལས་ཡོད། བུ་འདི་ངས་ལོ་ངོ་སུམ་ཅུར་གཉོར་སྐྱོང་བྱས་པས་དོན་ལ་ལ་ཞིག་ཁོས་རང་གི་ཨ་མ་དང་གྲོས་བྱེད་ངེས་ལ་ངས་ཀྱང་རང་ཉིད་ཀྱི་བསམ་ཚུལ་ལྷུག་བརྗོད་བྱ་སྲིད་པས། སྐབས་ལན་རེར་ཁྱོས་བུ་ཆུང་གིས་ཨ་མའི་ཁ་ལ་ཉན་པོ་འདུག་ཅེས་བསམ་ནས་སེམས་མི་སྐྱིད་པ་བྱུང་ན་ངས་ཁྱེད་ལ་དགོངས་དག་ཞུ། དེ་དང་འབྲེལ་ཏེ་ཁྱེད་ཀྱིས་རྟོགས་དགོས་པ་ཞིག་ནི། དེ་ལྟ་བུའི་དོན་ནི་གོམས་སྲོལ་ཙམ་ཡིན་ལ་རྗེས་སུ་ཁོ་པས་རང་ཉིད་ལ་ཁྱིམ་གཞིས་གསར་པ་ཞིག་ཡོད་པ་རྟོགས་ཚེ། ཁྱེད་ནི་ཁོའི་ཧ་ཅང་བློ་ཉེ་བའི་མི་དེ་ཡིན་པ་མ་ཟད་ཁོས་ཁྱེད་དང་ཁ་བརྡ་མང་པོ་བྱ་ངེས་ཡིན། གཞན་ཡང་འོ་སྐོལ་གྱི་འབྲེལ་བ་ལེགས་པོ་འཁྱོངས་ཆེད་ངས་རྟག་པར་བུ་ལ་དོན་ཐམས་ཅད་ཁྱེད་དང་གྲོས་བྱེད་དགོས་པར་སྐུལ་ངེས་ལ་ངེད་གཉིས་ཀྱི་གྲོས་བསྡུར་ནི་ཟུར་ལྟ་ཙམ་ཡིན་པ་ལས་མཐའ་མའི་ཐག་གཅོད་ཀྱི་དབང་ཆ་ཁྱེད་ལ་སྤྲོད་ངེས་ཡིན།

 

རྒྱུན་ལྡན་གྱི་འགྲོ་ལུགས་ལྟར་ན་སྐྱེ་བོ་གང་ཞིག་ལོ་བཅོ་བརྒྱད་ལ་སོན་ཚེ་བློ་ཕ་ལ་མི་འདྲི་ཞིང་བྲོ་མ་ལ་མི་སློང་བའི་དུས་སུ་བསླེབས་པ་ཡིན་ཡང་། ངེད་ཅག་ཀྲུང་ཧྭ་མི་རིགས་ཀྱི་ཆེ་བཀུར་ཆུང་བྱམས་ལྡན་པའི་ལུགས་སྲོལ་ལྟར་རང་ཉིད་ཀྱི་བུ་ཕྲུག་ལ་ཁྱིམ་གཞིས་གསར་པ་ཡོད་པའི་བར་ཕ་མ་གཉིས་ཀྱིས་འགན་ཁུར་དགོས་པས། ངེད་བཟའ་ཟླ་གཉིས་ནས་ཀྱང་བུ་དང་མནའ་མར་གཞིས་ཁྱིམ་དྲོན་མོ་བསྐྲུན་ཚར་རྗེས་གཞི་ནས་འགན་ཁུར་རྫོགས་པ་ཡིན། གནས་ལུགས་ལྟར་ན་གཉེན་སྒྲིག་རྗེས་ཁྱེད་གཉིས་ཇི་འདྲའི་དཀའ་ངལ་དང་འཕྲད་ཀྱང་རང་ཉིད་ཀྱིས་ཐག་གཅོད་བྱ་དགོས་མོད། དགོས་ངེས་ཀྱི་རོགས་རམ་མཁོ་ཚེ་ང་ཚོས་དོན་ཅི་ཡིན་ཡང་རང་ནུས་ཅི་ལྕོགས་བྱ་ངེས། གལ་སྲིད་ང་ཚོར་ཡང་དམིགས་བསལ་གྱི་དོན་དག་དང་འཕྲད་དེ་རོགས་རམ་བྱ་མ་ཐུབ་ན་ཁྱེད་ནས་ལེ་བདའ་མི་བྱེད་པར་མཁྱེན། དུས་མཚུངས་སུ་ད་ལྟའི་དུས་ལ་ང་ཚོའི་ལུས་པོ་ཡང་བདེ་ཞིང་ལོ་ངོ་བཅུ་ཕྲག་རེ་གཉིས་ལ་རང་བདག་རང་གིས་བྱེད་ཐུབ་པས། གནས་སྐབས་སུ་ཁྱེད་ཚོའི་རོགས་རམ་མི་མཁོ་ལ་ངེད་ནས་ཀྱང་ཁྱེད་ཅག་དང་ལྷན་དུ་སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་དང་སྡུག་གི་ཁུར་བོ་མཉམ་ཁུར་བྱས་ཏེ་ཚེ་མཇུག་བདེ་ཞིང་སྐྱིད་པའི་ངང་རྫོགས་འདོད་དེ། དེ་ལྟ་བུའི་བསམ་དོན་གྲུབ་རྗེས་ངས་ཁ་ཞེ་གཉིས་མེད་སྒོས་ཁྱེད་ལ་ཐུགས་རྗེ་ཆེ་ཞུ་ངེས་ཡིན་མོད། འོན་ཏེ་སྙིང་ཉེ་བའི་བུ་མོ་ལགས། ད་ལྟ་ང་ཚོ་ད་དུང་འགོ་རྩོམ་ས་རུ་ལུས་ཡོད་པ་ཀུན་ལ་གསལ།

Leave a Reply