ཤ་འགོག་འབུ་འགོག་སོགས་ལ་དཔལ་འབྱོར་དབྱེ་ཞིབ་ཀྱི་དྲི་བ་དུས་རབས་གསར་བའི་སྨན་ཐུན་བཅོ་བརྒྱད་མ་ཞེས་བྱ་བ་བཞུགས་སོ།།

དང་པོ། སྤྱིར་ཁྲིམས་ལུགས་ནི་གནའ་རབས་སུ་རྒྱལ་པོ་དང་དེང་སང་སྤྱི་འཐུས་ལྷན་ཚོགས་དང་གྲོས་ཁང་ལྟ་བུས་འཛུགས་པ་ཡིན་པས་ན། དགོན་པ་ཞིག་གམ་ཆོས་བྱེད་མི་སྣ་རེ་འགར་མི་དམངས་ལ་ཁྲིམས་འཛུགས་པའི་དབང་ཆ་ཞིག་གང་ནས་བྱུང་།

གཉིས་པ། དམངས་གཙོའི་ལུང་པར་ཁྲིམས་ལུགས་ཀྱིས་སྤྱི་དམངས་ཡོངས་ཀྱི་འདོད་བློ་མཚོན་ཞིང་། སྒེར་གཅོད་རྒྱལ་ཁབ་ཏུ་ཁྲིམས་ཀྱིས་དབང་སྒྱུར་བའི་འདོད་བློ་མཚོན་པ་ཡིན། དེ་ན་ཁྱེད་ཅག་ནི་སྤྱི་དམངས་ཀྱིས་བདམས་པའི་འཐུས་མི་ཡིན་ནམ།འབྲོག་དམངས་ལ་དབང་སྒྱུར་མཁན་གྱི་མངའ་བདག་ཡིན།

གསུམ་པ། དགེ་བཅུའི་ཁྲིམས་ནི་སྲོང་བཙན་སྒམ་པོས་བཙུགས། སྲོང་བཙན་སྒམ་པོ་བོད་སྤྱི་ལ་དབང་བའི་རྒྱལ་བོ་ཡིན།སྲོང་བཙན་གྱིས་བཙུགས་མྱོང་བས་ང་ཚོས་ཀྱང་འཛུགས་ཆོག་ཟེར་ན། ཁྱེད་ཚོས་རང་ཉིད་ལ་སྲོང་བཙན་སྒམ་པོ་དང་འདྲ་བའི་དབང་སྒྱུར་ཐོབ་ཐང་ཡོད་འདོད་པ་ཡིན་ནམ།

བཞི་བ། དགེ་བཅུ་གསར་མ་ཞེས་པའི་ནང་རྐུན་ཇག་འཕྲོག་གསུམ་དང་ཉལ་ཐ་འཐེན་པ། ཤོ་རྒྱག་སྨད་འཚོང་སོགས་འཛམ་གླིང་ཡོངས་ནས་ནག་ཉེས་སུ་བརྩིས་ཡོད་པ་འགའ་བཀག་རྗེས། འབྲོག་པ་ཚོའི་རྒྱུན་ལྡན་གྱི་འཚོ་རྟེན་སྒོ་ཕྱུགས་བཤའ་བཙོང་ཡང་དེ་དག་གི་གྲས་སུ་བཅུག་འདུག དེ་ན་ཁྱེད་ཚོའི་སེམས་སུ་སྒོ་ཕྱུགས་འཚོ་སྐྱོང་བྱེད་མཁན་གཞུང་དྲང་ལས་ལ་བརྩོན་པའི་འབྲོག་པ་ས་ཡ་དུ་མ་ཡང་རྐུན་ཇག་དང་སྨད་འཚོང་ལྟ་བུའི་ཉེས་ཅན་འབའ་ཞིག་ཏུ་མཐོང་ངམ།

ལྔ་བ། ཆོས་པ་ཞིག་གིས་ངོས་ནས་སྡིག་སྤོང་དགེ་བསྒྲུབ་ཀྱི་ལྟ་བ་སྒྲོག་ཆོག་ལ། ཡ་རབས་ཚུལ་ལྡན་ལ་སྐུལ་བའི་ཀུན་སྤྱོད་ཀྱི་སློབ་གསོ་ཡང་གཏོང་ཆོག་མོད། ཁ་ལ་མ་ཉན་ན་དམྱལ་བ་ལྷུང་འགྲོ་རབས་ཀྱི་འཇིགས་སྐུལ་དང་དེས་ཀྱང་མ་ཐུབ་ན་ལག་བསྟར་ཚོགས་པ་བཙུགས་ཏེ་མི་གཞི་དམའ་འབེབས་དང་སྒོར་མོས་ཆད་པ་གཅོད་པའི་དབང་ཆ་དེ་གང་ནས་བྱུང་།ཁྱེད་ཚོ་ཆོས་པ་ཡིན་ནམ་ཉེན་རྟོག་པ་དང་ཁྲིམས་དཔོན་ཡིན།

དྲུག་པ། གལ་ཏེ་རབ་བྱུང་བའི་འདུལ་ཁྲིམས་འབྲོག་པ་མང་ཚོགས་ཀྱིས་ཀྱང་ངེས་པར་དུ་སྲུང་ཐུབ་པ་ཡིན་ན།དགེ་འདུན་པ་ཞེས་མི་སྐོར་ཞིག་དཀོན་མཆོག་གསུམ་གྱི་ཡ་གྱལ་དུ་བགྲང་སྟེ་བརྩི་བཀུར་ལྷག་མ་ཞིག་བྱེད་དགོས་པའི་རྒྱུ་མཚན་ཅི་རེད།

བདུན་པ། བཤས་འཚོང་བྱེད་མི་ཆོག་ཅེས་ཁྱེད་རྣམ་པས་བཀག ཡང་ཕྱུགས་ལས་སྤེལ་དགོས་ཞེས་ཀྱང་ཁྱེད་རྣམ་པས་གསུངས། བློ་རྣལ་ལ་ཕབ་སྟེ་ཞིབ་རྩིས་ཞིག་རྒྱོབས་དང་། ཟོག་ལུག་བཤའ་བཙོང་བྱེད་མི་ཆོག་ན་དེང་ཕྱིན་གླེན་པ་སུ་ཞིག་གིས་ཕྱུགས་ཟོག་འཚོ་སྲིད་དམ། མར་ཕྱུར་བལ་སྤུ་ཙམ་ཁོ་ནས་འབྲོག་ཁྱིམ་ཞིག་གི་ཁ་སོས་ཐབས་ཡོད་དམ། ཁྱེད་གངས་ཅན་མཁས་པའི་གཙུག་རྒྱན་ཞེས་བསྟོད་ཀྱིན་པ་ཚོས་རྩིས་རིག་དེ་ཙམ་ཡང་མི་ཤེས་པ་དཔེ་སྲིད་དམ།

བརྒྱད་པ། རྒྱ་ནག་ཧ་ཤང་ཚོས་དམར་ཟས་མི་ཟ་བ་བདེན་པ་ཡིན་རུང་། དེ་ནི་ཁོ་ཚོར་གནའ་ནས་ཤ་ཟ་རྒྱུ་མེད་ཅིང་འབྲས་དང་ཚོད་མ་སྣ་ཚོགས་ཡོད་པས་རེད། དཔེར་ན་སུང་རྒྱལ་རབས་སྐབས་སུ་རྒྱ་དམངས་ཕལ་བས་གླང་ཤ་ཟས་ན་ཁྲིམས་ཆད་ཕོག དེ་ནི་ཆོས་དགེ་བ་བསྒྲུབ་པའི་ཆེད་དུ་མ་རེད།གླང་ཤ་ཟས་ན་ཞིང་རྨོ་དུས་བ་གླང་མི་འདང་བར་སྐྲག་པ་རེད། ད་ལྟ་རྒྱ་ནག་གིས་ཉིན་རེར་ཕག་ཤ་ཧྲིལ་བོ་ཁྲི་དགུ་རེ་ཟ་བཞིན་ཡོད། མཚོ་ནང་གི་སྲོག་ཆགས་དུང་ཕྱུར་དུ་མ་ཟ་བཞིན་ཡོད། ཁྱེད་རྣམ་པས་ལོ་མང་པོར་རྒྱ་ཡུལ་ནས་ཆོས་སྤེལ་རྗེས་ད་ལྟ་རྒྱ་མི་ག་ཚོད་ཀྱིས་ཕག་ཤ་དང་མཚོ་ཟས་སོགས་བཅད་ཡོད་དམ།

དགུ་བ། དགོན་པའི་ནང་དུ་ཤ་ཟ་མི་ཟ་དགོན་པ་སོ་སོས་ནང་གྲོས་བྱས་ཏེ་ཐག་གཅོད་བྱེད་ལོས་ཆོག་མོད། ཤ་ཟ་མི་ཟ་དེ་སངས་རྒྱས་ཀྱི་རྗེས་འཇུག་པ་ཡིན་མིན་གྱི་རྟགས་མཚན་ཉག་ཅིག་མ་རེད། བྲམ་ཟེའི་ཆོས་ལུགས་པ་ཚང་མས་ཀྱང་ཤ་མི་ཟ་བ་མིན་ནམ།

བཅུ་བ། གྲྭ་བ་མ་ཟད་ཁྱིམ་པ་ཕོ་མོ་ཚོར་ཡང་ཆོས་ལ་དད་ན་ཤ་མི་རུང་བ་དང་ཤ་ཟ་ན་ཆོས་ལ་དད་མི་ཆོག་ཅེས་གནོན་ཤུགས་སྤྲོད་པའི་དབང་ཆ་དེ་གང་ནས་བྱུང་། བོད་བརྒྱུད་ནང་བསྟན་ཁྱེད་ཚོ་མི་རེ་གཉིས་ཀྱི་སྒེར་རྫས་ཡིན་ནམ། ཡང་ན་ཁྱེད་ཚོ་ཆོས་ལུགས་འདིའི་བདག་པོ་དང་སྟོན་པ་ཡིན་ནམ།

བཅུ་གཅིག ཟོག་ལུག་བཙོང་བའི་རིན་པས་འབྲོག་པའི་འཚོ་བའི་ཡོང་འབབ་ཀྱི་བརྒྱ་ཆའི་བདུན་ཅུ་ཟིན། ཞོར་ནས་དབྱར་རྩྭ་དགུན་འབུ་རེ་བརྐོས་པ་དེས་ཡོང་འབབ་ཀྱི་བརྒྱ་ཆའི་སུམ་ཅུ་ཟིན།དེ་གཉིས་འདོར་དགོས་ན་ཤུལ་དུ་ཅི་ཞིག་ལྷག་ཡོད།

བཅུ་གཉིས། གྲོང་དང་གྲོང་བརྡལ་སོགས་སུ་ལག་རྩལ་གྱི་ལས་ཀ་གཉེར་ཆོག་ཟེར་བ་ཡིན་ན།ཡིག་རྨོངས་སེལ་མེད་ཅིང་ལག་རྩལ་བསླབས་མ་མྱོང་བའི་འབྲོག་དམངས་རྣམས་རྒྱ་གྲོང་ཆ་མེད་དུ་འཚོ་བ་ཅི་ལྟར་རོལ།བོད་མི་ཁྲི་སྟོང་གི་འཚོ་ཚིས་དེ་སྐད་ཆ་སྙན་པོ་སླ་མོ་རེ་བཤད་པས་ལམ་སེང་ཐག་གིས་ཆོད་དམ།

བཅུ་གསུམ། མཁན་པོས་ད་དུང་ཕྱིན་ཆད་འབྲུ་རིགས་མ་འདང་བར་མུ་གེ་འབྱུང་ངེས་རེད་ཅེས་མང་པོ་གསུངས་ཀྱིན་འདུག་མོད། རྒྱལ་སྤྱིའི་དཔལ་འབྱོར་སློབ་དཔོན་ཚོས་ཐོན་སྐྱེད་ནུས་ཤུགས་འཕར་བས་འབྲུ་རིགས་ལྷག་མ་བྱུང་སྟེ་རྗེས་ཕྱོགས་མི་གཅིག་ཀྱང་ལྟོགས་མི་དགོས་ཟེར། ཡང་སྙིང་ཐོན་སྐྱེད་ལག་རྩལ་འཕེལ་ན་འབྲུ་རིགས་ཇེ་མང་དུ་འགྲོ་འམ་ཇེ་ཉུང་དུ་འགྲོ།

བཅུ་བཞི། མཁན་པོའི་འཁོར་སློབ་མང་པོས་ཁོང་རྣམ་པ་ཚོས་ཚིག་མཛོད་བསྒྲིགས་རབས་དང་སློབ་གྲྭ་བཙུགས་རབས་བཤད་དེ་དཔལ་འབྱོར་ལ་མཁས་པ་ཡིན་ཚུལ་བསྒྲུབས་མོད།སྤྱིར་ལས་ཀ་དེ་ཚོ་ཡག་པོ་རེད། ངོ་སོ་བསྟོད།འོན་ཀྱང་ལས་དོན་དེ་དག་བསྒྲུབ་བྱེད་ཀྱི་འགྲོ་སོང་དང་མ་རྩ་གང་ནས་བྱུང་བ་ཡིན། རྒྱ་བོད་ཀྱི་དད་ལྡན་ཚོང་གཉེར་པ་དེ་ཚོའི་འབུལ་བ་དང་སྦྱིན་པ་གང་རུང་ཞིག་མིན་ནམ། གལ་ཏེ་ང་ཚོ་ལ་ཡང་འབུལ་བ་དེ་འདྲ་འབུལ་མཁན་ཡོད་ན། བོད་ལ་ཕན་པའི་ལས་ཀ་དེ་ལས་ཀྱང་ཆེ་བ་རེ་བསྒྲུབ་མི་ཐུབ་པ་སུ་ཡིས་ཤེས།

བཅོ་ལྔ། མཁན་པོས་སྤྲུལ་སྐུ་ལམ་ལུགས་སོགས་ལ་ཤིན་ཏུ་དགག་པ་གནང་བཞིན་པ་གོ་མྱོང་། དེ་བདེན་པ་རེད། འོན་ཀྱང་དེང་སང་ཁྱེད་ཀྱི་འཁོར་ཚོགས་དང་དབང་ཤུགས་ནི་བླ་སྤྲུལ་གཞན་ཕལ་ཆེར་ལས་མང་ཞིང་ཆེ་འདུག་པས། དེ་གཉིས་ལ་རྩ་བའི་ཁྱད་པར་ཅི་ཡོད།

བཅུ་དྲུག མཁན་པོས་ནམ་ཡང་སྙིང་རྗེ་དང་གུ་ཡངས་སོགས་གསུངས་ཀྱིན་འདུག་མོད། བསམ་འཆར་ཏོག་ཙམ་བཤད་ན་འཁོར་ཚོགས་རྣམས་སྦྲང་ཚང་གཏོར་བ་ལྟར་རུབ་ཡོང་བ་ཅི་རེད། ཁྱེད་ཀྱི་སློབ་གསོ་མ་བཏང་བ་ཡིན་ནམ་ཁོ་ཚོས་ཁྱེད་ཀྱི་བཀའ་མ་བརྩི་བས་རེད།

བཅུ་བདུན། རྩྭ་ཐང་མང་པོ་ཞིང་སར་བསྒྱུར། གཏེར་ཁ་བསྔོགས་ཏེ་རི་ཁོག་བྲུས། གཙང་མོ་ཆུ་ཡི་བཞུར་རྒྱུན་བཅད། གདོད་མའི་ནགས་ཚལ་སྐྲ་ལྟར་བཞར། ཁོར་ཡུག་གཏོར་བརླག་ཟེར་དུས་གཞི་ཁྱོན་ཆེ་བའི་བཟོ་ལས་ཀྱིས་བཟོས་པ་ཞིག་ལ་གོ་བ་ལས། བོད་པ་ཚོས་ལྕགས་ཐུར་རེ་བཟུང་ནས་རྩྭ་ཞིག་བརྐོས་པ་མ་རེད། ཁྱེད་ཀྱིས་དེ་མ་མཁྱེན་པ་ཡིན་ནམ་མཁྱེན་ཡང་དྲང་མོར་བཤད་མི་ཕོད་པ་ཡིན།

བཅོ་བརྒྱད། བྱམས་སྙིང་རྗེ་མི་དགོས་ཟེར་མཁན་ཡོད་པ་རེད། འོན་ཀྱང་ཚན་རིག་གི་དཔྱད་འབྲས་ལྟར་ན་རང་བྱུང་ཁམས་ཆེན་པོ་འདི་གཅིག་གིས་གཅིག་ཟ་བའི་ཁ་ཟས་ཀྱི་རྒྱུན་ཐག་ཅིག་རེད། རང་བཞིན་ངང་གིས་གྲུབ་པའི་སྐྱེ་ཁམས་ཀྱི་རྒྱུན་ཐག་འདི་ཐལ་ཆེ་ན་གནས་མི་ཐུབ། བཙན་གྱིས་གཏོར་ན་ཆག་འཇིག་འབྱུང་། ཆོས་ཀྱི་སྐད་དོད་ལྟར་ན་འཇིག་རྟེན་འཁོར་བའི་རང་བཞིན་དེ་རེད། དེ་རྨང་ནས་བསྒྱུར་དགོས་ཟེར་ན་ཁྱེད་ཚོ་འཇིག་རྟེན་བྱེད་པོ་ཡིན་འདོད་དམ།

ཟུར་ཞུ། ཁྱེད་དད་འབངས་རྣམས་ཀྱི་སེམས་ལ་མི་གནོད་ཆེད། རིགས་ལམ་འབའ་ཞིག་གཞིར་བཞག་སྟེ་ངག་འཇམ་པོས་དྲི་བ་འགའ་ཕུལ་ཡོད། ཁྱེད་ཅག་འགྲོ་བ་མི་ཙམ་མ་ཟད་སེམས་ཅན་རིགས་དྲུག་སྙིང་ལ་སྒོམ་པའི་ཤེས་ཆེན་ཤོང་ཡངས་ཡིན་ན། མི་སྐྱའི་དཔེ་ཆ་བ་ཕལ་བ་ཞིག་གི་དོགས་སློང་འདི་ཙམ་ཐུགས་ལ་ཆུད་པར་མཛོད། མདོར་ན་འདི་ཡང་གདོང་དམར་སྤུན་གྲོགས་ཀུན་གྱི་དཔྱད་སྟོབས་འཕེལ་བའི་གྲོགས་སུ་འགྲོ་བ་ལས་ཆགས་སྡང་བསྐྱེད་པའི་གཞི་རུ་མི་འགྲོ་བར་སྨོན།།

—ཞེས་ཁ་བཤད་ལས་ལག་ལེན་མེད་པའི་དཔེ་ཆ་བ་ཉམ་ཆུང་མང་རྒྱན་གྱིས་གུས་ཕུལ།
སྤྱི་ལོ་༢༠༡༨ལོའི་ཟླ༣པའི་ཚེས་༦ཉིན་གྱི་ས་སྲོད་དུ་དགོང་ཟས་ལ་ཕ་མེས་ཀྱི་ཟས་མཆོག་ལུག་ཤ་ཞིག་ཟ་ཞོར་ཁ་པར་དུ་གཏགས་པ་དགེའོ།།

Leave a Reply