ལྡོང་ཡོན་ཏན་རྒྱ་མཚོ།

ལྡོང་ཡོན་ཏན་རྒྱ་མཚོ་ལགས་ ནི ། ༡༩༧༤ལོར་སི་ཁྲོན་རྔ་བར་སྐྱེས། སློབ་ཆུང་མཐར་ཕྱིན་རྗེས་རབ་ཏུ་བྱུང་སྟེ་སྒོ་མང་དགོན་ཆེན་གྱི་ཚོགས་གྲལ་དུ་ ཞུགས། དགེ་འདུན་པ་སྟོང་ཕྲག་གཉིས་ལ་ཉེ་བའི་དབུས་སུ་བྱང་ཆུབ་ལམ་རིམ་ཆེན་མོ་ཡོངས་རྫོགས་བློ་རྒྱུགས་སུ་ཕུལ་བས་ཨང་དང་པོའི་གསེར་གྱི་རྟགས་མ་ཐོབ། ༡༩༩༣ལོ་ནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་རྩིས་རམས་པ་རྗེ་བསམ་འགྲུབ་རྒྱ་མཚོ་སོགས་ངེས་དོན་དྲན་དབང་དུ་མའི་སྤྱན་སྔར་སྒྲ་དང་ཚད་མ། ནང་དོན་རིག་པ། རྩིས་དཀར་ནག་སོགས་ལ་སྦྱངས་ཤིང་དབང་ལུང་མན་ངག་གི་སྐོར་མང་དུ་གསན། ༡༩༩༥ལོ་ནས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ཆེན་མོའི་དགེ་རྒན་དུ་གདན་ འདྲེན་ཞུས་པ་བཞིན་ཕེབས་ཏེ་ད་བར་དུ་འཆད་ཁྲིད་ཀྱི་ལས་ཁོ་ན་གཉེར་བས་བུ་སློབ་ སྟོང་ཕྲག་ལྷག་བསྐྱེད་བསྲིངས་བྱས། ད་ལྟ་སློབ་གླིང་དེའི་རྐང་འཛིན་དགེ་རྒན་དང་སློབ་གཙོ་གཞོན་པའི་འགན་བཞེས་ཡོད།

བརྩམས་ཆོས་ལ།༢༠༠༠ལོར་བསྐྲུན་པའི་དུས་རབས་ཉེར་གཅིག་པའི་ སྙིང་གཏམ།༢༠༠༠ལོར་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི་རྔ་ཡུལ་སྒོ་མང་དགོན་གྱི་གདན་རབས། ༡༩༩༦ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི་ར་བོང་དགོན་གྱི་གདན་ རབས། ༢༠༠༣ལོར་ཞང་ཀང་གྱི་ལིང་དཔེ་སྐྲུན་ཁང་གིས་བསྐྲུན་པའི་ཤིང་བཟའ་པཎཊི་ཏའི་ རྟོགས་བརྗོད། ༢༠༠༤ལོར་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི་སྐད་ཆའི་ལང་ཚོ། ༢༠༠༩ལོར་བསྐྲུན་པའི་བློ་གསལ་འཇུག་ངོགས་ཀྱི་ཟུར་འདེབས་སྟོང་ཐུན་ངག་གི་ལྡེ་ མིག ༢༠༡༠ལོར་ཅང་ཧའོ་གློག་རྡུལ་དཔེ་སྐྲུན་ཁང་གིས་བསྐྲུན་པའི་སྙན་ངག་ཡང་གསལ་སྣང་ མཛོད་ཀྱི་ཟུར་འདེབས་ངག་གི་སྒྱུ་འཕྲུལ་འགུགས་པའི་ལྕགས་ཀྱུ། ༢༠༡༠ལོར་ཅང་ཧའོ་གློག་རྡུལ་དཔེ་སྐྲུན་ཁང་གིས་བསྐྲུན་པའི་དེབ་དཀར་ཟིན་བྲིས་ དཔྱོད་ལྡན་སྨྲ་བའི་འབབ་སྟེགས་དང༌། གཞན་གསུང་བཤད་སྒྲར་བླངས་པ་དག་ཡི་གེར་བཀོད་པའི་དེབ་ལ་ཡང་སུམ་རྟགས་དག་གསུམ་གྱི་ཁྲིད་ཐབས་དང་ཁྱད་ཆོས་ལས་འཕྲོས་ཏེ་བོད་ཀྱི་སྤྱི་སྐད་གླེང་བ། མགོ་ལོག་གཅིག་སྒྲིལ་ཁང་སར་ཇོ་ནང་དགོན་དུ་དགེ་འདུན་པ་དང་སློབ་གྲྭ་བ་ལ་བསྩལ་ བའི་བཀའ་སློབ་སེམས་ཀྱི་འཕར་སྒྲ་ཞེས་པ་སོགས་ལག་དེབ་ཏུ་བསྐྲུན་ལ། ད་དུང་སྦྲང་ཆར་དང་རྩེར་སྙེག ཟླ་ཟེར། བླ་སྲོག་སོགས་བོད་ཁུལ་གྱི་དུས་དེབ་གྲགས་ཅན་མང་པོར་བརྩམས་ཆོས་སུམ་བརྒྱ་ལྷག་ ཅིག་བཀོད་པ་ལ་རིམ་པ་མི་འདྲ་བའི་བྱ་དགའ་བཅུ་གྲངས་ཤིག་ཐོབ་ཡོད་དོ། །

Leave a Reply