མི་ལོའི་ལྔ་བཅུའི་རིང་གི་ཚགས་ཤོག་དང་དུས་དེབ་ཀྱི་སྐོར།

མི་ལོ་ལྔ་བཅུའི་རིང་གི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་བོད་ཡིག་གི་དུས་དེབ་དང་ཚགས་ཤོག་སྐོར།
(རྩོམ་ཡིག་འདི་ནི་ཕྱི་ལོ་ ༢༠༠༩ ལོར་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་སྐབས་བཤད་གཞིའི་ས་བོན་དུ་བྲིས་ཤིང་། མཐོ་སྒང་གི་ཉི་ཟེར་དུས་དེབ་སྤྱིའི་འདོན་ཐེངས་གསུམ་པའི་ཐོག་བཀོད།)

༄༅། །དེ་ཡང་ཕྱི་ལོ་ ༡༩༤༩ ལོ་ནས་བཟུང་རིམ་བཞིན་བོད་ཆོལ་ཁ་གསུམ་དུ་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བཙན་གནོན་བྱ་འགོ་ཚུགས་ཤིང་བོད་ཀྱི་སྣོད་བཅུད་ཡོངས་རྫོགས་ལ་དབང་བསྒྱུར་གྱིས་ ༡༩༥༩ ལོར་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མི་འབུམ་ཕྲག་གཅིག་ལ་ཉེ་བ་ཞིག་ཐོག་མར་བོད་ཀྱི་ཁྱིམ་མཚེས་རྒྱ་གར་ནང་སྐྱབས་བཅོལ་དུ་ཕེབས་མ་ཐག་ནས་ཤེས་ཡོན་གྱི་བསྟི་གནས་སློབ་གྲྭ་ཁག་དང་དགོན་སྡེ་གྲྭ་ཚང༌། བཟོ་གཞིས་ཁག་སོགས་གསར་འཛུགས་ཀྱིས་གཞན་ཡུལ་དུ་རྐང་པ་ཐོག་མར་བཙུགས་སྐབས་ནས་བཟུང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་རྣམ་པ་ཅི་རིགས་ཀྱི་ལམ་ནས་དེང་རབས་སྤྱི་ཚོགས་ཀྱི་དགོས་མཁོ་ལ་བསྟུན་པའི་བརྒྱུད་ལམ་ཚགས་ཤོག་དང༌། རྩོམ་རིག་སྒྱུ་རྩལ་གྱི་དུས་དེབ་རིགས་འདྲ་མིན་མང་པོ་ཞིག་རིམ་བཞིན་འགྲེམས་སྤེལ་གནང་འདུག་པ་ལས། ཁག་ཅིག་ད་ལྟའི་གནས་སྐབས་སུ་འདོན་མཚམས་བཞག་ཟིན་ཏེ་མི་ལོ་བཅུ་ཕྲག་ཁ་ཤས་འདས་ཟིན་ཡོད་འདུག་ལ། བཙན་བྱོལ་བོད་གཞུང་གི་བདུན་རེའི་ལས་རིམ་གསར་ཤོག་བོད་མིའི་རང་དབང་ལྟ་བུ་འདོན་སྤེལ་བྱས་ནས་མི་ལོ་ ༤༩ ཙམ་སོན་ཟིན་འདུག་ཅིང༌། ཁག་ཅིག་ད་ལྟའི་དུས་སྐབས་སུ་གསར་དུ་འདོན་སྤེལ་གནང་བཞིན་པ་སོགས་མདོར་ན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བོད་ཡིག་གི་དུབ་དེབ་དང་ཚགས་ཤོག་གི་གྲངས་ཚད་མང་ཐག་ཆོད་ཅིག་བྱུང་འདུག་པས་ཚང་མའི་མིང་དང་ལོ་དུས་སོགས་ཤེས་རྟོགས་དཀའ་ནའང་རྒྱུན་དུ་ཚགས་ཤོག་དང་དུས་དེབ་སོགས་ལ་དོ་སྣང་དང་ཀློག་པ་པོ་ཞིག་ཡིན་པའི་ཆ་ནས་རང་ཉིད་ཀྱིས་ཤེས་རྟོགས་གང་ཡོད་དང༌། རྩོམ་སྒྲིག་པ་སོགས་འབྲེལ་ཡོད་ནས་མཁོ་སྤྲོད་བྱུང་བའི་དུས་དེབ་དང་ཚགས་པར་རྣམས་ཀྱི་མིང་དང་ལོ་དུས་སོགས་འགོད་པར་བྱ་བ་ལ།

ཀ༽ དུས་དེབ་ཁག

༡༽ ཤེས་བྱ། བཙན་བྱོལ་བོད་གཞུང་གི་གཞུང་འབྲེལ་དུས་དེབ་འདི་ཉིད་ཐོག་མར་ ༡༩༦༨ ལོར་བོད་མི་སྒེར་པ་ཁག་ཅིག་གིས་བཏོན་གནང་བ་དང༌། ༡༩༧༡ ལོ་ནས་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱིས་འདོན་སྤེལ་གནང་སྟེ་ད་ལྟ་ལོ་ ༤༢ ཨང་ ༨ པ་ཆགས་ཡོད།

༢༽ རང་བཙན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཕྱི་ལོ་ ༡༩༧༤ ལོ་ནས་གསར་དུ་འདོན་སྤེལ་གནང་འདུག་པ་དང་ལོ་གཅིག་ནང་ཐེངས་བཞི་རེ་དང་གཉིས་རེ་ཅི་རིགས་འདོན་འགྲེམས་ཀྱིས་ད་ལྟའང་མུ་མཐུད་བཞིན་པའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེ་འཁོད་པའི་དུས་དེབ་ཅིག་ཡིན།

༣༽ ལྷག་བསམ་བརྩེགས་པ། རྡ་ས་རིགས་ལམ་སློབ་གཉེར་ཁང་གི་དུས་དེབ་འདི་ཉིད་ ༡༩༧༤ ལོར་གསར་དུ་འདོན་སྤེལ་གྱིས་ཐོག་མར་ལོ་རེར་ཐེངས་རེ་འདོན་འགྲེམས་དང༌། བར་སྐབས་ནས་ལོ་གཉིས་རེའི་མཚམས་ཐེངས་རེ་འདོན་གནང་གིས་ ༢༠༠༨ ལོ་བར་སྤྱིའི་འདོན་ཐེངས་ ༡༦ ཟིན་འདུག

༤༽ མ་འཁྱོག་དྲང་ཐིག ༡༩༧༩ ནས་ ༡༩༨༢ བར་ལོ་ངོ་བཞི་ཙམ་རིང་ལྡི་ལི་ནས་བོད་དམར་ཚོགས་པས་བཏོན་རྗེས་མཚམས་ཆད་འདུག

༥༽ གཏམ་ཚོགས། བཞུགས་སྒར་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གིས་ཕྱི་ལོ་ ༡༩༨༡ ལོར་གསར་དུ་བཏོན་པའི་ལོ་ཕྱེད་ཀྱི་དུས་དེབ་ཅིག་ཡིན། ༡༩༨༧ ལོ་ནས་ ༢༠༠༥ བར་རེ་ཞིག་མཚམས་ཆད་འདུག་པ་དང་ ༢༠༠༥ ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཡི་འཁྲུངས་སྐར་དུས་ཆེན་ཉིན་ ༡༩༨༧ ལོ་ ༧ ཨང་ ༡ ནས་ ༡༩༩༡ ལོ་ ༡༡ ཨང་ ༢ པ་བར་གྱི་དུས་དེབ་རྣམས་སྡེབས་གཅིག་ཏུ་འདོན་འགྲེམས་གནང་འདུག ༢༠༠༥ ནས་ ༢༠༠༨ ལོ་ ༢༨ ཨང་ ༢ པ་བར་ལོ་རེ་བཞིན་མུ་མཐུད་འདོན་འགྲེམས་གནང་འདུག་ཀྱང་ ༡༩༩༢ ནས་ ༢༠༠༤ ལོ་བར་གྱི་སྟོང་ཆ་དེ་ད་དུང་ལྷག་ཡོད་འདུག

༦༽ བཙན་བྱོལ་བོད་གཞུང་གི་གལ་ཆེའི་དྲིལ་བསྒྲགས་ཡིག་ཆ། བོད་གཞུང་ཕྱི་དྲིལ་ལས་ཁུངས་ནས་འདོན་འགྲེམས་གནང་བཞིན་པའི་ཟླ་རེའི་གནས་འཕྲིན་འདི་ཉིད་འདོན་སྤེལ་གནང་སྟེ་ད་ལྟ་ལོ་ ༡༧ ཨང་ ༧ པ་ཆགས་ཀྱི་འདུག་ཅིང༌། ཐོག་མར་བོད་གཞུང་གི་ཆབ་སྲིད་དྲིལ་བསྒྲགས་ཡིག་ཆ་དང༌། ད་སྐབས་གལ་ཆེའི་དྲིལ་བསྒྲགས་ཡིག་ཆ་ཞེས་བརྗོད་བཞིན་ཡོད། འདོན་ཐེངས་རེར་ཚར་གྲངས་ ༡༥༠༠ ཙམ་པར་འགྲེམས་གནང་བཞིན་འདུག

༧༽ རྡ་སའི་ཕོ་ཉ། ཟླ་རེའི་གསར་ཤོག་འདི་ཉིད་ ༡༩༨༦ ནས་ ༡༩༩༡ བར་ལོ་ངོ་ལྔ་ཙམ་རིང་རྡ་ས་ས་གནས་གཞོན་ནུས་བཏོན་པའི་དུས་དེབ་ཅིག་དང་དེ་རྗེས་མཚམས་ཆད་ཡོད་འདུག

༨༽ བོན་སྒོ། ལོ་དེབ་འདི་ཉིད་ ༡༩༨༧ ལོར་གཡུང་དྲུང་བོན་གྱི་གདན་ས་དཔལ་གཤེན་བསྟན་སྨན་རིའི་གླིང་གི་བོན་མཐུན་འབྲེལ་ལྷན་ཁང་གིས་འདོན་སྤེལ་བྱས་ཏེ་ ༡༩༩༢ ལོ་གཅིག་རིང་མཚམས་ཆད་པ་དང༌། དེ་རྗེས་མུ་མཐུད་འདོན་འགྲེམས་གྱིས་ ༢༠༠༨ ལོའི་བར་སྤྱིའི་འདོན་ཐེངས་ ༢༡ ཟིན་ཡོད་ཅིང༌། དུས་དེབ་མང་པོ་ཞིག་པར་བསྐྲུན་ཐེངས་གཉིས་པ་དང༌། གསུམ་པ་ཡང་གནང་ཡོད་པས་དམིགས་བསལ་ཅན་ཞིག་ཆགས་ཡོད།

༩༽ ཟ་མ་ཏོག ལྡི་ལི་བོད་ཁང་གི་རྒྱུན་ལྡན་དེབ་ཕྲེང༌། པུསྟི་ཀ་འདི་ཉིད་ ༡༩༨༩ ནས་ལོ་ ༤ བར་ལོ་རེ་བཞིན་བཏོན་འདུག་པ་དང་དེ་རྗེས་ལོ་རིམ་བཞིན་བཏོན་ཐུབ་ཡོད་ཚོད་མི་འདུག་ཀྱང༌། ད་ལྟའང་མཚམས་མ་ཆད་པར་འདོན་འགྲེམས་ཀྱིས་སྤྱིའི་འདོན་ཐེངས་ ༨ པ་བར་ཟིན་འདུག

༡༠༽ ཟླ་གསར། ༡༩༩༠ ལོ་ནས་བོད་མི་སྒེར་པ་ཁག་ཅིག་གིས་ལོ་རེར་ཐེངས་གཉིས་རེ་བཏོན་ཅིང་སྤྱིའི་འདོན་ཐེངས་ ༨ པ་ནས་མཚམས་བཞག་གནང་འདུག

༡༡༽ གངས་རྒྱུན། ༡༩༩༠ ལོར་ཝཱཎ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་ཕྲུག་རྒན་གྲས་རྣམས་ཀྱིས་འདོན་སྤེལ་གྱིས་ ༡༩༩༥ སྤྱིའི་འདོན་ཐེངས་ ༥ པ་ནས་མཚམས་ཆད་འདུག

༡༢༽ ཕ་ཡུལ་ན་གཞོན་བརྙན་དེབ། བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་ ༡༩༩༠ ནས་ ༡༩༩༩ ལོ་བར་འདོན་ཐེངས་ ༡༣ བཏོན་ཡོད་འདུག་པ་དང༌། དེ་རྗེས་ཕ་ཡུལ་ཤེས་བྱའི་བང་མཛོད་ཅེས་ཚགས་ཤོག་གི་དབྱིབས་གཟུགས་སུ་བསྒྱུར་གནང་འདུག

༡༣༽ ལྗང་གཞོན། ཕྱི་ལོ་ ༡༩༩༠ ཟླ་ ༡༢ ནང་དུས་དེབ་དང་པོ་ནས་རིམ་བཞིན་ ༥ པ་བར་མི་སྒེར་པ་ཁག་ཅིག་གིས་འདོན་སྤེལ་བྱས་ཤིང་ ༡༩༩༣ ལོར་སྤྱིའི་འདོན་ཐེངས་ ༦ པ་ནས་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་འདོན་འགྲེམས་ཀྱིས་འདོན་ཐེངས་ ༩ པ་བར་བཏོན་རྗེས་མཚམས་ཆད་འདུག

༡༤༽ སྐུལ་བའི་གཏམ། ༡༩༩༢ ནས་ ༡༩༩༤ བར་བོད་ཀྱི་གསར་སྤེལ་ལས་ཁང་ (Tibet News Agency)ཞེས་པས་འགྲེམས་སྤེལ་བྱས་པ་ཞིག་དང་དེ་ནས་མཚམས་ཆད་ཡོད་འདུག

༡༥༽ རླབས་ཕྲེང༌། ༡༩༩༢ ཟླ་ ༡༢ ནང་བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་ཆེས་མཐོའི་སློབ་གཉེར་ཁང་ནས་གསར་དུ་འདོན་སྤེལ་གནང་བའི་ལོ་དེབ་འདི་ཉིད་བར་སྐབས་དུས་ཐོག་ལ་འདོན་འགྲེམས་ཐུབ་མིན་ཅི་རིགས་བྱུང་ཡང་ད་ལྟ་མུ་མཐུད་འདོན་འགྲེམས་ཀྱིས་སྤྱིའི་འདོན་ཐེངས་ ༡༢ བར་ཟིན་ཡོད་འདུག

༡༦༽ གངས་ལྗོངས་བྱིས་པའི་བརྙན་དེབ། བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་ ༡༩༩༣ ལོ་ནས་ད་བར་ལོ་རེ་བཞིན་མུ་མཐུད་འདོན་འགྲེམས་ཀྱིས་སྤྱིའི་འདོན་ཐེངས་ ༡༨ ཟིན་ཡོད་པ་དང་ད་སྐབས་འདོན་ཐེངས་རེར་ཚར་གྲངས་ ༤༠༠༠ ཙམ་པར་བསྐྲུན་གནང་གི་འདུག

༡༧༽ སུད་སི་བོད་རིགས་མི་མང་གི་གསར་འཕྲིན། སུད་སི་བོད་རིགས་མི་མང་གསར་འཕྲིན་རྩོམ་སྒྲིག་ཚོགས་ཆུང་གིས་ ༡༩༩༣ ལོ་ྋགོང་ས་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་དང་སྟབས་བསྟུན་ཐོག་མར་འགྲེམས་སྤེལ་ཞུས་ཤིང་ལོ་རེར་ཐེངས་བཞི་རེ་འདོན་འགྲེམས་གྱིས་ ༢༠༠༨ སྤྱིའི་འདོན་ཐེངས་ ༦༢ པ་ནས་དེབ་གཟུགས་སུ་འདོན་མཚམས་བཞག་འདུག་ཀྱང་ཚགས་ཤོག་གི་དབྱིབས་གཟུགས་སུ་འདོན་བཞིན་པ་ཞིག་རེད་འདུག འདི་ནི་རྒྱ་བལ་འབྲུག་གསུམ་ཕུད་པའི་ཕྱི་རྒྱལ་ཁག་གི་བོད་ཡིག་གསར་འཕྲིན་ཐོག་མ་དེ་དང་གལ་ཆེ་ཤོས་ཤིག་ཆགས་ཡོད།

༡༨༽ གཡུ་མཚོ། བོད་ཀྱི་བུད་མེད་རིག་པའི་དུས་དེབ་འདི་ཉིད་ ༡༩༩༣ ལོར་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་གསར་དུ་བཏོན་ཞིང་འདོན་ཐེངས་ ༣ པའི་རྗེས་འདོན་མཚམས་ཆད་འདུག

༡༩༽ ཏི་སེའི་འོད་ཟེར། ལོ་ཕྱེད་ཀྱི་དུས་དེབ་འདི་ཉིད་ ༡༩༩༣ ལོ་ནས་ ༡༩༩༤ བར་མངའ་རིས་རིག་གཞུང་གཅེས་སྐྱོང་ཁང་གིས་འདོན་ཐེངས་ ༢ བཏོན་འདུག་ཅིང་དེ་རྗེས་འདོན་ཐེངས་ག་ཚོད་བཏོན་མིན་ཤེས་རྟོགས་མ་བྱུང་ཡང་ད་ལྟ་འདོན་མཚམས་ཆད་ཟིན་པ་ཡིན་འདུག དུས་དེབ་ཀྱི་མིང་ནི་ ༡༩༩༠ ལོའི་ཟླ་ ༡༠ ཚེས་ ༡༥ ཉིན་ྋགོང་ས་མཆོག་གིས་ཕྱག་རྟགས་སྦུག་ཐམ་འབྱར་མ་དང་བཅས་བསྩལ་གནང་མཛད་འདུག

༢༠༽ བོད་ཀྱི་ཕོ་ཉ། བོད་ཀྱི་དགུ་བཅུ་གསུམ་ཆབ་སྲིད་བཙོན་ཟུར་ཚོགས་པའི་དུས་དེབ་འདི་ཉིད་ ༡༩༩༣ ལོར་ཐོག་མར་འདོན་སྤེལ་གནང་བ་དང་དེ་རྗེས་ལོ་རེ་གཉིས་ནང་མཚམས་ཆད་ཡོད་འདུག་ཀྱང༌། དེ་མཚམས་ལོ་རེ་བཞིན་མུ་མཐུད་འདོན་འགྲེམས་གྱིས་ ༢༠༠༩ ནང་སྤྱིའི་འདོན་ཐེངས་ ༡༣ བར་ཟིན་འདུག

༢༡༽ གངས་རིའི་ལང་ཚོ། ལོ་ཕྱེད་དུས་དེབ་འདི་ཉིད་ཐོག་མར་ ༡༩༩༤།༡༠།༢༥ ཉིན་བོད་གཞུང་དབུས་སྨན་རྩིས་མཐོ་སློབ་ཁང་ནས་བཏོན་གནང་སྟེ་ད་བར་འདོན་འགྲེམས་གནང་བཞིན་ཡོད་འདུག་ཅིང་ ༢༠༠༨ བར་སྤྱིའི་འདོན་ཐེངས་ ༡༤ ཟིན་འདུག

༢༢༽ ལྡུམ་ར། འབྲས་སྒོ་མང་ནང་པའི་རིག་གཞུང་ཚོགས་པས་འདོན་སྤེལ་གནང་བའི་དུས་དེབ་འདི་ཉིད་ཕྱི་ལོ་ ༡༩༩༥ ནས་ ༢༠༠༣ ལོ་བར་སྤྱིའི་འདོན་ཐེངས་ ༡༣ བཏོན་རྗེས་རྒྱུ་རྐྱེན་ཁག་ཅིག་ལ་བརྟེན་ནས་འདོན་མཚམས་བཞག་ཡོད་འདུག

༢༣༽ རྩམ་པ། རྩམ་པ་རྩོམ་རིག་ཚོགས་པས་ ༡༩༩༥ ལོར་གསར་དུ་བཏོན་ཞིང་ཐོག་མར་ལོ་རེར་ཐེངས་གཉིས་རེ་འདོན་འཆར་འདུག་ཀྱང་ད་སྐབས་ལོ་རེར་ཐེངས་རེ་མུ་མཐུད་འདོན་བཞིན་འདུག་པ་དང༌། ད་ལྟ་སྤྱིའི་འདོན་ཐེངས་ ༡༧ བར་ཟིན་འདུག

༢༤༽ བློ་གསལ་རྩོམ་རིག་དགའ་ཚལ། ལོ་དེབ་འདི་ཉིད་ ༡༩༩༦ ལོར་འབྲས་བློ་གླིང་ཤེས་ཡོན་ལྷན་ཚོགས་ཀྱིས་གསར་དུ་འདོན་སྤེལ་གྱིས་སྤྱིའི་འདོན་ཐེངས་ ༨ པ་ནས་རེ་ཞིག་མཚམས་ཆད་ཡོད་འདུག

༢༥༽ སྨན་རྩིས། སྨན་རྩིས་ཁང་གི་དུས་དེབ་འདི་ཉིད་ ༡༩༩༦ ལོར་གསར་དུ་འདོན་འགྲེམས་གནང་འདུག་ཀྱང་དེ་རྗེས་ཀྱི་གནས་སྟངས་ཞིབ་ཕྲ་མ་ཤེས།

༢༦༽ སྒྲོལ་མ། ༡༩༩༧ ལོར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གསར་དུ་འདོན་འགྲེམས་གྱིས་ད་ལྟ་མུ་མཐུད་བཞིན་པ་ཞིག་ཡིན་འདུག་ཀྱང་འདོན་ཐེངས་སོགས་ཞིབ་ཕྲ་མ་ཤེས།

༢༧༽ རྩོམ་རིག་གི་གྲུ་ཁ། ས་རཱ་བོད་ཀྱི་མཐོ་རིམ་སློབ་ཟུར་ཁག་ཅིག་གིས་ ༡༩༩༧ ལོར་བཏོན་གནང་ཞིང་ ༢༠༠༠ ལོའི་སྤྱིའི་འདོན་ཐེངས ༢ པ་ནས་མཚམས་ཆད་ཡོད་འདུག

༢༨༽ སྨྱུག་གསར། ༡༩༩༧ ལོར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་གསར་དུ་བཏོན་ཅིང་ད་བར་འདོན་ཐེངས་ ༡༢ བཏོན་འདུག་པ་དང༌། ད་སྐབས་འདོན་ཐེངས་རེར་ཚར་གྲངས་ ༡༥༠༠ རེ་པར་བསྐྲུན་གནང་གི་འདུག

༢༩༽ ནོར་མཛོད། དཔྱད་རྩོམ་ཁོ་ན་འཁོད་པའི་ལོ་ཕྱེད་ཀྱི་དུས་དེབ་འདི་ཉིད་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གིས་ ༡༩༩༧ ལོའི་ཕྱི་ཟླ་ ༡༢ པ་ནས་ ༢༠༠༥ ལོ་བར་སྤྱིའི་འདོན་ཐེངས་ ༡༥ བཏོན་གནང་རྗེས་མཚམས་བཞག་གནང་འདུག

༣༠༽ ནོར་འོད། ལོ་ཕྱེད་དུས་དེབ་འདི་ཉིད་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གིས་ ༡༩༩༨ ལོར་གསར་དུ་བཏོན་ཞིང་ ༢༠༠༥ སྤྱིའི་འདོན་ཐེངས་ ༡༧ པ་ནས་མཚམས་བཞག་གནང་འདུག

༣༡༽ ནོར་རྒྱུན། ནོར་གླིང་བོད་ཀྱི་མཐོ་སློབ་ནས་ ༡༩༩༨ ལོར་གསར་དུ་འདོན་འགྲེམས་གནང་བའི་ལོ་དེབ་འདི་ཉིད་ ༢༠༠༥ སྤྱིའི་འདོན་ཐེངས་ ༨ པ་ནས་མཚམས་བཞག་གནང་འདུག

༣༢༽ ཞི་བདེའི་མཆོད་སྤྲིན། ཕུག་རོན་དཀར་པོ་ཞི་བདེ་སྲུང་སྐྱོབ་ཚོགས་པ་ཞེས་པས་ ༡༩༩༨ ལོ་ནས་ ༢༠༠༠ ལོ་བར་འདོན་ཐེངས་ ༤ བཏོན་འདུག་དེ་རྗེས་ཀྱི་གནས་ཚུལ་ཞིབ་ཕྲ་མ་ཤེས་ཀྱང་ད་ལྟ་མཚམས་ཆད་ཡོད་ཚོད་འདུག

༣༣༽ ཤཱཀྱའི་འོད་སྣང༌། ༡༩༩༨ ལོར་འབྲས་སྤུངས་སྒོ་མང་ནས་གསར་དུ་བཏོན་ཏེ་ ༢༠༠༣ བར་སྤྱིའི་འདོན་ཐེངས་གསུམ་བཏོན་རྗེས་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ནས་འདོན་མཚམས་བཞག་ཡོད་འདུག

༣༤༽ མཐོ་སྒང་གི་རྒྱབ་མདུན། རྡ་ས་ནས་གཞོན་སྐྱེས་དང་བླངས་པ་ཁག་ཅིག་གིས་ ༡༩༩༩།༧།༦ ཉིན་འདོན་སྤེལ་གྱིས་བར་སྐབས་འཚམས་ཆད་འདུག་ཀྱང་ ༢༠༠༨།༣།༡༠ ཉིན་སླར་ཡང་འདོན་འགྲེམས་གྱིས་ ༢༠༠༨ ཟླ་ ༨ ཚེས་ ༡ བར་སྤྱིའི་འདོན་ཐེངས་ ༡༢ ཟིན་འདུག་ཅིང་ད་ལྟའང་མུ་མཐུད་བཞིན་པ་ཞིག་རེད་འདུག

༣༥༽ བོད་ཀྱི་ཚན་རིག་དུས་དེབ། འདི་ནི་བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་གིས་སྟོང་ལོ་གསར་པའི་དུས་འགོ་ནས་བཟུང་ལོ་རེར་ཐེངས་ ༢ རེ་འདོན་འཆར་དང་ད་བར་འདོན་ཐེངས་ ༡༣ བཏོན་ཟིན་ཡོད་འདུག

༣༦༽ སྔ་འགྱུར་གླེང་སྟེགས། ཁ་སྒང་འཕྲིན་ལས་ལྷུན་གྲུབ་ཀྱིས་ ༢༠༠༡ ནས་ ༢༠༠༢ བར་འདོན་ཐེངས་ ༢ བཏོན་འདུག་པ་དང་དེ་རྗེས་མཚམས་ཆད་ཡོད་འདུག

༣༧༽ ཅང་ཤེས་རྨིག་སྒྲ། སེར་བྱེས་ཅང་ཤེས་རྨིག་སྒྲ་རྩོམ་སྒྲིག་ཁང་ནས་འདོན་འགྲེམས་གྱིས་ ༢༠༠༥།༢༠༠༦ ལོར་སྤྱིའི་འདོན་ཐེངས་དྲུག་པ་དང་བདུན་པ་ཟིན་ཡོད་ཅིང་ཞིབ་ཕྲའི་གནས་སྟངས་མ་ཤེས།

༣༨༽ བགྲེས་པོའི་འབེལ་གཏམ། བལ་ཡུལ་བོན་དགོན་ཁྲི་བརྟན་ནོར་བུ་རྩེའི་བགྲེས་པོའི་འབེལ་གཏམ་རྩོམ་སྒྲིག་ཁང་གིས་ ༢༠༠༡ ལོ་ནས་ལོ་རེ་བཞིན་འདོན་སྤེལ་གྱིས་ད་ལྟ་འདོན་ཐེངས་ ༩ པ་བར་ཟིན་ཡོད།

༣༩༽ ཤེས་རིག བོད་གཞུང་ཤེས་རིག་ལས་ཁུངས་ནས་ ༢༠༠༡ ལོར་གསར་དུ་འདོན་སྤེལ་བྱས་པའི་ལོ་དེབ་འདི་ཉིད་ད་ལྟ་འདོན་ཐེངས་ ༨ པ་བར་ཟིན་ཡོད་འདུག་པ་དང༌། ད་སྐབས་པར་ཐེངས་རེར་ཚར་གྲངས་ ༡༠༠༠ ཙམ་བསྐྲུན་གནང་གི་ཡོད་འདུག

༤༠༽ ལྷོ་མཐའི་ཁ་བ། དགའ་ལྡན་ཤར་རྩེ་ནས་ ༢༠༠༡ ལོར་འདོན་འགྲེམས་གྱིས་འདོན་ཐེངས་ ༤ ཙམ་ཟིན་ཡོད་འདུག་པ་དང་དེ་རྗེས་ཀྱི་གནས་སྟངས་ཁ་གསལ་མ་ཤེས།

༤༡༽ ཆོས་རའི་ནང་གི་དྷིའ་སྐད། དགའ་ཤར་སོག་པ་འཇམ་དབྱངས་ཁང་ཚན་ནས་ ༢༠༠༡ ལོའི་ལོ་མཇུག་ནས་ལོ་རེའི་ནང་ཐེངས་ ༢ རེ་བཏོན་ཏེ་ད་བར་ཐེངས་ ༡༦ དང་མུ་མཐུད་འདོན་གནང་མཛད་བཞིན་ཡོད་འདུག

༤༢༽ ཁ་བའི་མེ་ཏོག ལོ་དེབ་འདི་ཉིད་ཤེས་རབ་དགའ་ཚལ་སློབ་གླིང་གིས་ ༢༠༠༡ ལོ་ནས་བཟུང་འདོན་འགྲེམས་གྱིས་མུ་མཐུད་བཞིན་པ་ཞིག་ཡིན་འདུག

༤༣༽ གངྒའི་བཞད་སྒྲ། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གིས་ ༢༠༠༡ ལོ་ནས་འདོན་འགྲེམས་བྱས་པའི་ལོ་ཕྱེད་དུས་དེབ་འདི་ཉིད་མུ་མཐུད་འདོན་འགྲེམས་གནང་བཞིན་ཡོད་འདུག

༤༤༽ དཔྱད་རྩོམ་རིག་པའི་རྩལ་ཕྲེང༌། ༢༠༠༡ ལོ་ནས་འདོན་འགྲེམས་གནང་བའི་ཀིརྟི་བྱེས་པ་གྲྭ་ཚང་གི་དཔྱད་རྩོམ་དུས་དེབ་འདི་ཉིད་ད་བར་འདོན་ཐེངས་ ༥ སྤེལ་ཟིན་ཡོད་འདུག

༤༥༽ མདུན་བསྐྱོད། ༢༠༠༡ ལོ་ནས་ཝཱཎའི་སློབ་ཕྲུག་རྒན་པ་ཁག་ཅིག་གིས་དུས་དེབ་འདོན་ཐེངས་ ༢ སྤེལ་རྗེས་མཚམས་ཆད་འདུག

༤༦༽ གངས་ལྷ་མེ་ཏོག ལོ་དེབ་འདི་ཉིད་ ༢༠༠༢ ལོར་རྡ་ས་རིགས་ལམ་སློབ་གཉེར་ཁང་མ་ལག་གཉིས་ནས་འགྲེམས་སྤེལ་གྱིས་ད་ལྟ་མུ་མཐུད་འདོན་འགྲེམས་བྱེད་བཞིན་ཡོད་འདུག

༤༧༽ པདྨའི་རང་མདངས། ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་སྡེ་ཚན་གྱིས་ ༢༠༠༣ ལོ་ནས་བཏོན་གནང་བའི་ལོ་ཕྱེད་དུས་དེབ་རེད་འདུག་ཅིང་ད་ལྟའང་བར་མ་ཆད་པར་མུ་མཐུད་འདོན་སྤེལ་གནང་མུས་རེད་འདུག ༢༠༠༨ ཟླ་དྲུག་ཕྱི་མ་བར་སྤྱིའི་འདོན་ཐེངས་ ༡༣ ཟིན་འདུག

༤༨༽ ངེས་དོན་ཆོས་འཁོར། ཇོ་ནང་གི་དུས་དེབ་འདི་ཉིད་ ༢༠༠༣ ལོ་ནས་འདོན་སྤེལ་གནང་བ་ཞིག་ཡིན་འདུག་ཀྱང་གནས་སྟངས་ཞིབ་ཕྲ་ཤེས་རྟོགས་མ་བྱུང༌།

༤༩༽ ལ་རྩེ། ཨ་རིའི་ལ་རྩེ་བོད་ཀྱི་དེང་རབས་དཔེ་མཛོད་ཁང་གི་ལོ་ཕྱེད་གསར་འཕྲིན་བམ་པོ་དང་པོའི་ཨང་དང་པོ་སྤྱི་ལོ་ ༢༠༠༣ ལོའི་སྟོན་ཁ་ནས་འགོ་བཙུགས་ཏེ་སྤྱི་ལོ་ ༢༠༠༧།༢༠༠༨ བམ་པོ་ ༥ པ་བར་བཏོན་ཟིན་འདུག་པ་དང་ད་ལྟ་མུ་མཐུད་འདོན་འགྲེམས་བྱེད་བཞིན་པ་ཡིན་འདུག

༥༠༽ ང་ཚོའི་བོད། རྡ་ས་ནས་གཞོན་སྐྱེས་ཁག་ཅིག་གིས་ ༢༠༠༤ དང་ ༢༠༠༥ སོ་སོར་འདོན་ཐེངས་རེ་བཏོན་རྗེས་མཚམས་ཆད་འདུག

༥༡༽ ཁ་བ། རྡ་ས་ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ལྟེ་གནས་ཁང་གིས་ ༢༠༠༤ ལོ་ནས་ལོ་རེར་ཐེངས་བཞི་རེ་འདོན་འགྲེམས་གྱིས་ད་ལྟའི་བར་སྤྱིའི་འདོན་ཐེངས་ ༡༦ བཏོན་ཟིན་ཡོད་འདུག་ཅིང༌། ད་ནས་བཟུང་དྲ་རྒྱའི་ལམ་ནས་མུ་མཐུད་འདོན་སྤེལ་བྱེད་བཞིན་པ་རེད་འདུག

༥༢༽ ཤར་ཕྱོགས་ཀྱི་ཉི་མ། དུས་དེབ་འདི་ཉིད་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ནས་ ༢༠༠༤ ལོར་གསར་དུ་བཏོན་གནང་འདུག་ཀྱང་དེ་རྗེས་ཀྱི་གནས་སྟངས་ཁ་གསལ་མ་ཤེས།

༥༣༽ ཝཱཎའི་རིགས་རླབས། ཝཱཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སློབ་མའི་དྭང་བླངས་རྩོམ་རིག་ལོ་ཕྱེད་དུས་དེབ་འདི་བཞིན་ ༢༠༠༤།༩།༢ ནས་ད་བར་འདོན་ཐེངས་ ༡༡ བཏོན་ཟིན་འདུག

༥༤༽ སྲོང་བཙན་ཚངས་དབྱངས། དྷེ་ར་དུན་སྲོང་བཙན་དཔེ་མཛོད་ཁང་གིས་ ༢༠༠༤ ལོར་འདོན་སྤེལ་གྱིས་མུ་མཐུད་བཞིན་པ་ཞིག་ཡིན་འདུག

༥༥༽ ཟླ་འོད་གཞོན་ནུ། ཟླ་འོད་གཞོན་ནུ་རྩོམ་སྒྲིག་ཁང་ནས་ ༢༠༠༥ ལོར་འདོན་འགྲེམས་ཞུས་ཤིང་ ༢༠༠༨ ལོ་བར་སྤྱིའི་འདོན་ཐེངས་ ༣ བཏོན་གནང་འདུག

༥༦༽ ཐེའུ་གསར། བོད་ཀྱི་བཙུན་མའི་ལས་འཆར་གྱི་ལམ་སྟོན་འོག་བཙུན་དགོན་སྒྲོལ་མ་གླིང་རིགས་ལམ་སློབ་གཉེར་ཁང་གིས་ ༢༠༠༥ ལོ་ནས་འདོན་སྤེལ་བྱེད་བཞིན་པའི་ལོ་རེའི་དུས་དེབ་འདི་ཉིད་ད་བར་མུ་མཐུད་གནས་བཞིན་ཡོད་འདུག་ཅིང༌། འདི་ནི་བཙན་བྱོལ་སྤྱི་ཚོགས་ཁྲོད་བུད་མེད་རང་ཉིས་ཀྱིས་བྲིས་པའི་རྩོམ་རིག་དུས་དེབ་བུད་མེད་རང་ཉིད་ཀྱིས་གཉེར་བ་དང་པོ་དེ་ཆགས་ཡོད་འདུག

༥༧༽ ཆོས་དུང་དཀར་པོ། ས་སྐྱའི་རྩོམ་རིག་དུས་དེབ་འདི་ཉིད་ཆོས་དུང་དཀར་པོ་རྩོམ་སྒྲིག་ཁང་ནས་ ༢༠༠༥ ལོར་གསར་དུ་བཏོན་གནང་སྟེ་ ༢༠༠༨ བར་སྤྱིའི་འདོན་ཐེངས་ ༤ ཟིན་འདུག་པ་དང་མུ་མཐུད་འདོན་འགྲེམས་གནང་བཞིན་པ་ཞིག་རེད་འདུག

༥༨༽ ཀུན་དགའི་སྐྱེད་ཚལ། ལོ་དེབ་འདི་ཉིད་རུམ་བཏེག་ཀརྨ་ཤྲཱི་ནཱ་ལནྡཱ་སློབ་གཉེར་ཁང་གིས་འདོན་འགྲེམས་གནང་བཞིན་པ་དང་ ༢༠༠༧ ལོར་སྤྱིའི་འདོན་ཐེངས་ ༣ པ་ཟིན་འདུག་ཀྱང་ཞིབ་ཕྲ་ཤེས་རྟོགས་མ་བྱུང༌།

༥༩༽ རྒྱང་འབོད། ཨོ་སི་ཀྲོ་ལི་ཡའི་བོད་མིའི་གསར་འཕྲིན་འདི་རྒྱང་འབོད་རྩོམ་སྒྲིག་ཚོགས་ཆུང་གིས་ ༢༠༠༦ ལོར་གསར་དུ་འདོན་འགྲེམས་གྱིས་ཕྱི་ལོ་ ༢༠༠༩ ཟླ་ ༧ བར་སྤྱིའི་འདོན་ཐེངས་ ༨ བཏོན་གནང་གིས་མུ་མཐུད་བཞིན་ཡོད་འདུག

༦༠༽ སྐྱ་རེངས་ན་གཞོན་བརྙན་དེབ། ༢༠༠༦ ལོར་འབྲས་སྤུངས་ནས་གཞོན་སྐྱེས་ཁག་གཅིག་གིས་གསར་དུ་འདོན་འགྲེམས་གྱིས་མུ་མཐུད་བཞིན་པ་ཞིག་ཡིན་འདུག

༦༡༽ རི་དཀར་པོའི་བརྗིད་སྒྲ། དཔལ་ས་སྐྱའི་མཐོ་རིམ་སློབ་གྲྭའི་ཤེས་རིག་ལྷན་ཚོགས་ཀྱིས་ ༢༠༠༦ ལོ་ནས་གསར་དུ་འདོན་འགྲེམས་གྱིས་ད་ལྟ་མུ་མཐུད་བཞིན་པ་ཞིག་ཡིན་འདུག

༦༢༽ འོད། སྤྱི་ཚོགས་ཀྱི་གནད་དོན་སྣ་ཚོགས་འདུས་པའི་རྩོམ་རིག་གི་དུས་དེབ་འདི་ཉིད་ཝཱར་ཎའི་ལེགས་སྦྱར་གཙུག་ལག་སློབ་གཉེར་ཁང་དུ་ཡོད་པའི་བོད་དང་ཧིམཱ་ལ་ཡའི་སློབ་ཕྲུག་ཁག་ཅིག་གིས་ ༢༠༠༦ ལོར་གསར་དུ་འདོན་འགྲེམས་གྱིས་ ༢༠༠༩ ལོའི་ཕྱི་ཟླ་ ༤ ཚེས་ ༡༥ བར་སྤྱིའི་འདོན་ཐེངས་ ༦ ཟིན་འདུག

༦༣༽ དཔྱིད་ཀ། རྒྱ་གར་ལྷོ་ཕྱོགས་ནང་བསྟན་ཤེས་ཡོན་ལྷན་ཚོགས་ནས་བཏོན་པ་ཞིག་ཡིན་འདུག་ཅིང་ ༢༠༠༨ བར་སྤྱིའི་འདོན་ཐེངས་ ༣ ཟིན་འདུག དེ་རྗེས་ཀྱི་གནས་སྟངས་ཞིབ་ཕྲ་མ་ཤེས།

༦༤༽ མུན་སེལ་ཉི་ཟླ། རྭ་སྟོད་མུན་སེལ་ཉི་ཟླ་རྩོམ་སྒྲིག་ཚོགས་ཆུང་ནས་བཏོན་གནང་བ་ཞིག་དང་ ༢༠༠༩ ཟླ་ ༡ ཚེས་ ༡ བར་སྤྱིའི་འདོན་ཐེངས་ ༣ ཟིན་འདུག

༦༥༽ དུས་འགྱུར། ༢༠༠༨ ལོར་གསར་དུ་འདོན་འགྲེམས་གྱིས་ད་ལྟ་སྤྱིའི་འདོན་ཐེངས་ ༨ པ་བར་ཟིན་འདུག

༦༦༽ མཐོ་སྒང་གི་ཉི་ཟེར། ལོ་དེབ་འདི་ཉིད་ ༢༠༠༨ ལོར་མཐོ་སྒང་གི་ཉི་ཟེར་རྩོམ་སྒྲིག་ཁང་གིས་གསར་དུ་བཏོན་པའི་དུས་དེབ་ཅིག་དང༌། བོད་ཡིག་གི་དུས་དེབ་གསར་ཤོས་ཤིག་ཆགས་ཡོད།

གཞན་ཡང་སྣ་འཛོམས་ཤེས་ཡོན་ར་བའི་མདུན་བསྐྱོད་ཀྱི་གོམ་སྒྲ་དང༌། བལ་ཡུལ་གྱི་ཧི་མཱ་ལ་ཡའི་རྔ་སྒྲ། གངས་ཅན་རོལ་སྟེགས། རོལ་མཚོའི་རྦ་རླབས་ཞེས་པ་སོགས་དུས་དེབ་མང་པོ་ཞིག་གི་མིང་ཙམ་ལས་གནས་སྟངས་ཁ་གསལ་གང་ཡང་ཤེས་རྟོགས་མ་བྱུང་བ་དང༌། ད་དུང་དགོན་སྡེ་གྲྭ་ཚང་དང་ཚོགས་པ་སྐྱིད་སྡུག མི་སྒེར་པ་བཅས་ཀྱིས་གཉེར་བའི་བོད་ཡིག་དུས་དེབ་མང་པོ་ཡོད་སྲིད་ཀྱང་དུས་ཀྱིས་གཏུགས་པ་དང༌། ཆ་རྒྱུས་མེད་པ་བཅས་ལ་བརྟེན་ནས་འདིར་ཐོ་འཁོད་མེད་ཚེ་ཤེས་རྟོགས་ཡོད་མཁན་རྣམས་ཀྱིས་ཁ་སྐོང་གནང་ཐབས་ཡོང་བ་ཞུ། གཞན་ཡང་བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་ཕལ་ཆེར་ལའང་བོད་ཡིག་གི་དུས་ དེབ་རེ་འདུག་པ་རྣམས་རེ་རེ་བཞིན་འདིར་འགོད་ཐབས་བྱུང་མ་སོང༌།

ཁ༽ ཚགས་པར་ཁག

༡༽ བོད་མིའི་རང་དབང༌། བཙན་བྱོལ་བོད་གཞུང་གི་བདུན་རེའི་ལས་རིམ་གསར་ཤོག་འདི་ཉིད་ཐོག་མར་རྡོར་གླིང་རང་དབང་གསར་ཁང་ནས་ ༡༩༦༠ ལོའི་ཟླ་ ༣ ཚེས་ ༡༠ ཉིན་རང་དབང་གསར་ཤོག་(Freedom)ཅེས་བཏོན་གནང་བ་ཞིག་དང༌། གཞན་ཡང་རང་དབང་སྲུང་སྐྱོབ་པར་ཁང་ནས་ ༡༩༦༢ ལོར་བཏོན་པའི་རང་དབང་སྲུང་སྐྱོབ་ཅེས་པའི་བདུན་རེའི་གསར་ཤོག་མ་འདྲ་བ་གཉིས་བྱུང་ཡོད་འདུག ༡༩༦༥ ལོར་གསར་ཁང་དེ་གཉིས་ཟླ་བསྒྲིལ་གྱིས་ ༡༩༦༥ ཟླ་ ༣ ཚེས་ ༩ ནས་བཟུང་བོད་མིའི་རང་དབང་(Tibetan Freedom)ཞེས་པའི་ཉིན་རེའི་གསར་ཤོག་ལོ་ལྔའི་རིང་པར་འགྲེམས་གནང་འདུག མིང་གཞན་བོད་ལྗོངས་མི་དམངས་རང་དབང་གསར་ཤོག་ཀྱང་ཟེར་གྱི་འདུག

༡༩༦༩ ཟླ་ ༡༠ ཚེས་ ༢ ཉིན་ནས་བོད་གཞུང་གི་སྟངས་འཛིན་འོག་རྡོར་གླིང་བོད་མིའི་རང་དབང་གསར་ཁང་ནས་ ༡༩༩༢ ཟླ་ ༩ ཚེས་ ༡༦ བར་བདུན་ཕྲག་རེ་བཞིན་གཞུང་འབྲེལ་གྱིས་བཏོན་གནང་སྟེ་རེ་ཞིག་མཚམས་ཆད་འདུག དེ་རྗེས་ ༡༩༩༣ ཟླ་ ༩ ཚེས་ ༢ ནས་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱིས་སྟངས་འཛིན་འོག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཡི་བླ་བཟའ་དང་བསྟུན་བདུན་ཕྲག་རེ་བཞིན་མུ་མཐུད་འདོན་འགྲེམས་གནང་བཞིན་པ་དང༌། བར་སྐབས་བཀའ་ཤག་སྐབས་ ༡༢ པའི་དུས་ནས་བཙན་བྱོལ་བོད་མིའི་འཛིན་སྐྱོང་ལས་རིམ་བདུན་རེའི་གསར་ཤོག་ཅེས་པ་དང༌། ད་ལྟ་བཙན་བྱོལ་བོད་གཞུང་གི་བདུན་རེའི་ལས་རིམ་གསར་ཤོག་ཅེས་ལོ་གཅིག་ནང་འདོན་ཐེངས་ ༥༡ དང་འདོན་ཐེངས་རེར་ཚར་གྲངས་ ༡༩༥༠ ཙམ་རེ་པར་འགྲེམས་གནང་བཞིན་འདུག

༢༽ མིག་འབྱེད་གསར་ཤོག རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་གཞོན་ནུའི་རྒྱུན་ལས་ཀྱིས་ ༡༩༨༠ ལོ་ནས་ ༡༩༨༥ ལོ་བར་བཏོན་འདུག་ཀྱང་ཞིབ་ཕྲ་མ་ཤེས།

༣༽ དམངས་གཙོ། ཟླ་ཕྱེད་གསར་ཤོག་འདི་ཉིད་ཐོག་མར་ ༡༩༩༠ ཟླ་ ༡ ཚེས་ ༡༥ ཉིན་བོད་མི་སྒེར་པ་ཁག་ཅིག་གིས་གསར་དུ་བཏོན་ཞིང་ལོ་ ༤ ཨང་ ༡༦ པ་སྟེ་ ༡༩༩༣ ཟླ་ ༨ ཚེས་ ༣༠ ནས་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་རྩིས་བླངས་ཏེ་ ༡༩༩༦ ལོའི་ཟླ་ ༣ ཚེས་ ༣༡ ལོ་ ༧ ཨང་ ༦ པ་ནས་འདོན་མཚམས་བཞག་འདུག འདི་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཚགས་པར་སྐད་གྲགས་ཆེ་གྲས་ཤིག་ཏུ་ཆགས་མྱོང་ཡོད།

༤༽ གྲོས་ཚོགས་ལས་རིམ་གསར་ཤོག ༡༩༩༢ ཟླ་ ༡ ཚེས་ ༡༣ ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གྲོས་ཚོགས་ལས་རིམ་གསར་ཤོག་བཏོན་ཏེ་ད་ལྟ་ཡང་མུ་མཐུད་འདོན་འགྲེམས་གནང་བཞིན་པ་ཞིག་ཡིན།

༥༽ བདེན་གཏམ། ༡༩༩༢ ཟླ་ ༡༢ ཚེས་ ༢༨ ནས་ལོ་གཉིས་ཙམ་རིང་ཝཱཎའི་སློབ་ཕྲུག་བདེ་དོན་གྱི་ངོས་ནས་བཏོན་པའི་བདུན་རེའི་གསར་ཤོག་དང་དེ་རྗེས་མཚམས་ཆད་འདུག

༦༽ བོད་མིའི་རྩ་དོན། རྡོར་གླིང་ནས་ ༡༩༩༣ ལོར་བཏོན་ཞིང་ད་ལྟ་འདོན་ཐེངས་ ༢༠༠ ཙམ་ཟིན་ཡོད་པ་མ་ཟད་མུ་མཐུད་འདོན་སྤེལ་གནང་བཞིན་པ་ཡིན་འདུག

༧༽ ཨ་རིའི་བོད་མིའི་གནས་འཕྲིན་བོད་ཀྱི་བང་ཆེན། ༡༩༩༤ ཟླ་ ༦ ཚེས་ ༢༡ ནས་བྱང་ཨ་རིའི་བོད་མིའི་གནས་འཕྲིན་འདི་ཉིད་སྤེལ་འདུག་ཀྱང་དེ་རྗེས་ཀྱི་གནས་སྟངས་ཞིབ་ཕྲ་མ་ཤེས།

༨༽ གཉན་ཆེན་ཐང་ལྷ། ༡༩༩༥ ཟླ་ ༦ ཚེས་ ༡༥ ནས་བཟུང་བལ་ཡུལ་ནས་བཏོན་པའི་ཟླ་ཕྱེད་གསར་ཤོག་སྟེ་ ༢༠༠༩ ཟླ་ ༨ ཚེས་ ༡༨ བར་སྤྱིའི་འདོན་ཐེངས་ ༡༩༧ བཏོན་ཟིན་འདུག

༩༽ དྲང་བདེན། ལྡི་ལི་ནས་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་ ༡༩༩༥ ཟླ་ ༡༠ ཚེས་ ༥ ཉིན་ནས་ཟླ་རེ་བཞིན་བཏོན་ཏེ་ ༢༠༠༡ ཟླ་ ༦ ཚེས་ ༥ བར་སྤྱིའི་འདོན་ཐེངས་ ༧༠ བཏོན་རྗེས་མཚམས་བཞག་ཡོད་འདུག

༡༠༽ བོད་ཀྱི་དུས་བབ། བོད་ཀྱི་དུས་བབ་གསར་ཁང་ནས་འདོན་འགྲེམས་བྱེད་བཞིན་པའི་ཉིན་བཅུ་རེའི་གསར་ཤོག་འདི་ཉིད་ཐོག་མར་ ༡༩༩༦།༥།༡༥ ཉིན་ནས་ཟླ་ཕྱེད་གསར་ཤོག་དང༌། ༡༩༩༧ ཟླ་ ༦ ཚེས་ ༡༠ ནས་ཉིན་བཅུ་རེའི་གསར་ཤོག་ཏུ་བསྒྱུར་ཏེ་འདོན་ཐེངས་རེར་ཚར་གྲངས་ ༤༠༠༠ མ་ཟིན་ཙམ་པར་གྱི་ཡོད་འདུག ༢༠༠༩།༨།༢༠ བར་སྤྱིའི་འདོན་ཐེངས་ ༤༥༨ ཟིན་འདུག

༡༡༽ ནོར་ལྡེ། ཟླ་རེའི་སྐྱེས་འཕྲིན་འདི་ཉིད་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གིས་ ༡༩༩༧ ཟླ་ ༧ ཚེས་ ༦ ནས་གསར་དུ་བཏོན་ཞིང་ད་ལྟའང་མུ་མཐུད་བཞིན་པ་ཞིག་ཡིན།

༡༢༽ ཆོལ་ཁ་གསུམ། དུས་རབས་ཉི་ཤུ་པའི་ལོ་རབས་དགུ་བཅུ་པའི་མཇུག་ཙམ་ལ་ཆོལ་གསུམ་མཉམ་འབྲེལ་ཚོགས་པས་བཏོན་ཞིང་ ༢༠༠༡ ལོ་ཡས་མས་སུ་མཚམས་བཞག་ཡོད་འདུག་ཀྱང་ཞིབ་ཕྲ་མ་ཤེས།

༡༣༽ ཕ་ཡུལ་ཤེས་བྱའི་བང་མཛོད། བོད་གཞུང་ཤེས་རིག་ལས་ཁུངས་ནས་འདོན་འགྲེམས་གནང་བཞིན་པའི་ཟླ་རེའི་གསར་ཤོག་འདི་ཉིད་ ༡༩༩༩ ལོར་དེབ་གཟུགས་ནས་ཚགས་ཤོག་ཏུ་བསྒྱུར་ཅིང༌། སྤྱིའི་འདོན་ཐེངས་ ༡༤ པ་ནས་བཟུང་ད་བར་རྒྱུན་མ་ཆད་པར་འདོན་སྤེལ་གནང་བཞིན་པ་དང༌། ད་སྐབས་སྤྱིའི་འདོན་ཐེངས་ ༡༢༢ ཟིན་ཡོད་པ་དང་འདོན་ཐེངས་རེར་ཚར་གྲངས་ ༦༠༠༠ ཙམ་པར་བསྐྲུན་གནང་བཞིན་འདུག

༡༤༽ རྩོམ་རིག་གར་ཕྲེང༌། ༡༩༩༩ ཟླ་ ༡༢ ནང་བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་གིས་གསར་དུ་འདོན་སྤེལ་གནང་བའི་ཟླ་གསུམ་རེའི་ཚགས་ཤོག་འདི་ཉིད་ད་ལྟ་སྤྱིའི་འདོན་ཐེངས་ ༣༥ བར་བཏོན་གནང་ཟིན་པ་དང་མུ་མཐུད་བཞིན་པ་ཞིག་རེད་འདུག

༡༥༽ སྤྱི་ཚོགས་མེ་ལོང༌། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ནས་འདོན་སྤེལ་གནང་བཞིན་པའི་ཟླ་རེའི་གསར་ཤོག་སྤྱི་ཚོགས་མེ་ལོང་དེ་བཞིན་ཕྱི་ལོ་ ༢༠༠༠ ལོར་གསར་དུ་འདོན་སྤེལ་གནང་འདུག་པ་དང༌། ༢༠༠༣།༦ ནས་ ༢༠༠༤།༤ བར་འདོན་མཚམས་ཆད་འདུག་ཅིང༌། དེ་རྗེས་མུ་མཐུད་འདོན་འགྲེམས་གྱིས་ ༢༠༠༩།༡།༢།༣ རིང་དེབ་སྐྱེལ་གྱི་དུས་ཡུན་རྫོགས་ནས་རེ་ཞིག་མཚམས་ཆད་ཀྱང་ད་ལྟ་མུ་མཐུད་འདོན་འགྲེམས་གྱིས་ ༢༠༠༩།༨ བར་སྤྱིའི་འདོན་ཐེངས་ ༩༦ ཟིན་འདུག

༡༦༽ བག་གསར། ༢༠༠༠ ལོར་རྡ་རམ་ས་ལ་ནས་བོད་མི་གཞོན་སྐྱེས་ཁག་ཅིག་གིས་བཏོན་ཅིང་མི་རིང་བར་མཚམས་ཆད་པའི་ཟླ་རེའི་ཚགས་ཤོག་ཤིག་རེད་འདུག་ཀྱང་གནས་སྟངས་ཞིབ་ཕྲ་མ་ཤེས།

༡༧༽ ལྷོ་ཕྱོགས་ཕོ་ཉ། ༢༠༠༡ ལོ་གྲྭ་པ་ཁག་ཅིག་འདོན་འགྲེམས་བྱས་པ་དང། རྗེས་སུ་ལྷོ་ཕྱོགས་ནང་བསྟན་ཤེས་ཡོན་ལྷན་ཚོགས་ཀྱིས་མུ་མཐུད་དུ་བཏོན་འདུག ཐོག་མ་ཟླ་གཉིས་རེ་དང། དེའི་རྗེས་སུ་ཟླ་རེའི་གསར་ཤོག་དང་དེ་རྗེས་ཉིན་བཅུ་རེའི་གསར་ཤོག་ལ་བསྒྱུར་ནས་སྤྱིའི་འདོན་ཐེངས་ ༨༩ དབར་བཏོན་རྗེས་ཕྱི་ལོ་ ༢༠༠༩ ལོའི་ཕྱི་ཟླ་ ༡ ཚེས་ ༢༠ ཉིན་མཚམས་བཞག་ཡོད་འདུག

༡༨༽ བོད་ཀྱི་ན་ཆུང་ཚགས་པར། བོད་ཀྱི་ན་ཆུང་ཤེས་ཡོན་ཞབས་ཞུ་ཁང་ནས་བཏོན་གནང་ཞིང་ཕྱི་ལོ་ ༢༠༠༩ ཟླ་ ༨ ནང་སྤྱིའི་འདོན་ཐེངས་ ༤༢ བར་ཟིན་འདུག་པ་དང༌། ཚགས་པར་འདི་བཏོན་ནས་ད་བར་ལོ་བདུན་ཟིན་གྱི་ཡོད་འདུག

༡༩༽ བདེན་པའི་ཕོ་ཉ། མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་ ༢༠༠༣ ཟླ་ ༣ པར་བཏོན་ཞིང་ལོ་དེ་རང་ལ་མཚམས་བཞག་འདུག

༢༠༽ བོད་ཀྱི་བང་ཆེན། ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་ནས་འདོན་སྤེལ་གནང་བའི་བདུན་རེའི་གསར་ཤོག་འདི་ཉིད་ཐོག་མར་ ༢༠༠༣།༤།༡༨ ཉིན་ནས་ཟླ་ཕྱེད་ཀྱི་གསར་ཤོག་དང༌། ༢༠༠༥།༤།༢༥ ཉིན་ནས་ཉིན་བཅུའི་གསར་ཤོག ༢༠༠༧།༤།༡༨ ཉིན་ནས་བདུན་རེའི་གསར་ཤོག་བཅས་སུ་བསྒྱུར་ནས་ད་ལྟ་ ༢༠༠༩།༨།༢༦ བར་སྤྱིའི་འདོན་ཐེངས་ ༢༤༣ ཆགས་འདུག ཐེངས་རེར་ཚར་གྲངས་ ༤༥༠༠ ཙམ་པར་གྱི་ཡོད་འདུག་ཅིང་ད་ལྟ་རྡ་རམ་ས་ལ་དང༌། ལྷོ་ཕྱོགས་མོན་གྷོ་གཉིས་ནས་དུས་གཅིག་ལ་པར་བསྐྲུན་གནང་བཞིན་ཡོད་འདུག

༢༡༽ བདེན་དོན་གླེང་སྟེགས། རྡ་ས་ནས་ཆུ་སྒང་རྒྱུན་ལས་ཞེས་པས་བཏོན་ཏེ་ཚགས་པར་ཐོག་ཟླ་རེའི་གསར་ཤོག་ཡིན་སྐོར་འཁོད་ཡོད་ནའང་སྐབས་མཚམས་ལ་བསྟུན་པ་ལས་ངེས་གཏན་མི་འདུག་པས་སྤྱིའི་འདོན་ཐེངས་ག་ཚོད་སླེབས་ཡོད་མེད་སོགས་གནས་སྟངས་ཁ་གསལ་མ་ཤེས།

༢༢༽ ཚན་རིག བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་ནས་ལོ་གཅིག་ལ་ཐེངས་བཞི་རེ་འདོན་སྤེལ་གནང་བཞིན་པ་དང་ད་ལྟ་འདོན་ཐེངས་ ༨ པ་བར་ཟིན་ཡོད་འདུག

༢༣༽ ལྗང་རླུང༌། ༢༠༠༦ ལོར་ལྗང་རླུང་ཚོགས་པས་གསར་དུ་བཏོན་པའི་ཟླ་རེའི་ཚགས་ཤོག་འདི་ཉིད་མུ་མཐུད་འདོན་འགྲེམས་བྱེད་བཞིན་པ་དང་ ༢༠༠༩ ཟླ་ ༦ ཚེས་ ༡༠ བར་སྤྱིའི་འདོན་ཐེངས་ ༢༤ ཟིན་འདུག

༢༤༽ དབུ་མའི་ལམ། ༢༠༠༧ ལོར་ལྷོ་ཕྱོགས་ནང་བསྟན་ཤེས་ཡོན་ལྷན་ཚོགས་ནས་དམིགས་བསལ་འདོན་འགྲེམས་བྱས་པའི་ཚགས་ཤོག་ཤིག་དང་ ༢༠༠༧ ཟླ་ ༡༢ ཚེས་ ༡༠ ཉིན་འདོན་ཐེངས་ ༤ པ་དེ་བཏོན་འདུག དེ་རྗེས་ཀྱི་གནས་སྟངས་ཁ་གསལ་མ་ཤེས།

༢༥༽ སྐད་ཡིག བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པས་ ༢༠༠༧།༡༠།༢༥ ནས་གསར་དུ་བཏོན་པའི་བཙན་བྱོལ་བོད་ཀྱི་སྐད་ཡིག་སྐོར་གྱི་ཚགས་ཤོག་ཐོག་མ་སྟེ་ ༢༠༠༩ ཟླ་ ༨ ཚེས་ ༡ བར་སྤྱིའི་འདོན་ཐེངས་ ༩ ཟིན་འདུག

༢༦༽ སུད་སི་བོད་རིགས་མི་མང་གི་གསར་འཕྲིན། ༡༩༩༣ ནས་འདོན་འགྲེམས་བྱས་པའི་དེབ་གཟུགས་དེ་ཉིད་ཀྱི་འཕྲོ་མཐུད་དེ་ ༢༠༠༨ ཟླ་ ༩ ཚེས་ ༢ ནས་ཚགས་ཤོག་ཏུ་བསྒྱུར་གནང་ཞིང་ད་ལྟ་སྤྱིའི་འདོན་ཐེངས་ ༦༦ བར་ཟིན་ཡོད་འདུག

༢༧༽ འོད་ཐིགས། ནོར་གླིང་མཐོ་སློབ་ནས་ ༢༠༠༨།༡༢།༡༠ ཉིན་གསར་དུ་འདོན་འགྲེམས་བྱས་ཏེ་མུ་མཐུད་བཞིན་པ་ཞིག་ཡིན་འདུག

༢༨༽ གསོ་རིག་སྐྱེད་ཚལ། ༢༠༠༩ ལོར་བོད་གཞུང་སྨན་རྩིས་ཁང་གི་མཐོ་སློབ་སྐབས་བཅོ་ལྔ་པའི་དང་བླངས་ཀྱིས་འདོན་འགྲེམས་བྱས་པ་ཞིག་ཡིན།

༢༩༽ འཕུར། ༢༠༠༩ ཟླ་ ༦ ནང་ལྡི་ལི་བོད་སྒར་བསམ་ཡས་གླིང་ས་གནས་གཞོན་ནུས་གསར་དུ་བཏོན་པའི་ཉིན་བཅོ་ལྔའི་གསར་ཤོག་ཅིག་དང༌། ༢༠༠༩ ཕྱི་ཟླ་ ༨ པའི་ཟླ་མཇུག་བར་སྤྱིའི་འདོན་ཐེངས་ ༥ ཟིན་འདུག་ཅིང་ཚགས་ཤོག་འདི་ནི་བཙན་བྱོལ་བོད་མིའི་བོད་ཡིག་ཚགས་ཤོག་གསར་ཤོས་དེ་ཆགས་ཡོད་པ་རེད།

གཞན་ཡང་པོ་ཏཱ་ལ་དང༌། སྤྱི་ཚོགས་གླེང་སྟེགས། མར་མེ་ཚགས་པར་ཞེས་པ་སོགས་ད་ལྟ་སྤྱི་ཚོགས་ཐོག་གནས་ཡོད་མེད་ཅི་རིགས་ཀྱི་ཚགས་པར་ཁག་འགའ་ཡོད་འདུག་ཀྱང་ཞིབ་ཕྲ་ཤེས་རྟོགས་མ་བྱུང༌། ཧི་མ་ལ་ཡའི་མི་རིགས་ཚོས་བཏོན་པའི་བོད་ཡིག་གི་དུས་དེབ་དང་ཚགས་པར་རྣམས་རེ་ཞིག་འདིར་བཀོད་མེད་པ་བཅས་ཕྱི་ལོ་ ༢༠༠༩ ཟླ་ ༨ ཚེས་ ༢༩ ཉིན།། །།

གཤམ་གྱི་དྲྭ་ཐག་ནས་བཤུས། http://toyikadom.blogspot.in/2011/12/blog-post_25.html

Leave a Reply