ཁྲོ་རུ་ཚེ་རྣམ།
ཁྲོ་ རུ་མཁན་ཆེན་ཚེ་རྣམ་མཆོག་ནི ། བོད་རབ་བྱུང་བཅུ་དྲུག་པའི༡༩༢༦ལོར་ཆབ་མདོ་ཁུལ་འཇོ་མདའ་རྫོང་དགོན་གྱི་འདབས་ ཞོལ་ཁྲོ་རུ་སྡེ་བར་ཉ་མཚོའི་རུས་ཡབ་རིན་ཆེན་བསམ་འགྲུབ་དང༌། ཡུམ་བཀྲ་ཤིས་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་མཚན་ཚེ་རིང་རྒྱལ་དུ་བཏགས། སྐུ་ཆུང་དུས་ནས་སི་ཏུ་པདྨ་མཆོག་རྒྱལ་པོ་ལ་གཙུག་ཕུད་ཕུལ། ཁུ་བོ་ཨ་ཚེ་དཔལ་ལྡན་གྱི་མདུན་ཡི་གེ་ཀློག་འདོན་བསླབས། དགུང་ལོ་བདུན་པར་སྤུངས་སི་ཏུ་པདྨ་དབང་མཆོག་རྒྱལ་པོའི་མདུན་ནས་དགེ་ཚུལ་གྱི་ སྡོམ་པ་བཞེས་ཏེ་མཚན་ལ་ཀརྨ་བསོད་ནམས་དགེ་ལེགས་ཞེས་གསོལ།
དེ་ནས་སྐུ་མཆེད་རྟ་མགྲིན་ནོར་བུ་སོགས་ཀྱི་མདུན་ནས་དགོན་པའི་འདོན་ཆོས་སྤྱོད། ཆོ་ག་ཕྱག་ལེན ། སྡོམ་གསུམ་རྣམ་ངེས་ཀྱི་བཀའ་ཁྲིད་གསན་ཞིང༌། སུམ་རྟགས་དང་ནག་རྩིས་སོགས་སྦྱངས་པ་ཙམ་གྱིས་བློར་ཆུབ་པ་སོགས་ཐུགས་རིས་ཤིན་ ཏུ་གསལ་ཀུན་ངོ་མཚར་དུ་གྱུར། དགུང་ལོ་བཅུ་གཉིས་ཙམ་ནས་སྒྲུབ་བླ་གུ་རུའི་མདུན་ནས་སྨན་རྒྱུད་རྩ་མདོ་ཆུ་མདོ་ སོགས་གསོ་རིག་གཞིའི་ཤེས་བྱ་རྣམས་ལེགས་པར་སྦྱངས། རྗེས་སུ་ཀ་ཐོག་མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་ཐུགས་འདུན་ལྟར་དགོན་གནས་ཕེབས་ ཤིང་དགེ་རྩེ་རིན་པོ་ཆེ་འགྱུར་མེད་བསྟན་པ་རྣམ་རྒྱལ་གྱི་དྲུང་དུ་བཟོ་གསོ་སྒྲ་ ཚད་སོགས་ཐུན་མོང་རིག་གནས་སྤྱི་མཁན་ཆེན་རྟ་ཆུང་བླ་མ་ཚེ་རིང་ཆོས་འཕེལ་གྱི་ མདུན་ནས་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ཕྱག་ལེན་ཞིབ་པར་བསླབས།
མཁས་ཆེན་རྒྱལ་བཟང་པོ་དང་འཇམ་དབྱངས་བསྟན་པའི་སྒྲོན་མེ་གཉིས་ཀྱི་མདུན་ནས་སྒྲ་ གཞུང་ཙནྡྲ་བ་དང་ཀ་ལཱ་བ། དབྱངས་ཅན་སོགས་གསན་ཞིང་མཚན་དུ་ལེགས་བཤད་སྨྲ་བའི་ཟླ་བ་ཞེས་གསོལ། ༡༩༥༦ལོ་སྟེ་དགུང་གྲངས་སོ་གཅིག་བཞེས་ཚེ་རང་དགོན་ཁྲོ་རུ་དགོན་དུ་ཕྱིར་ཕེབས་ ཀྱིས་མཁན་པོ་མཛད་པས་མཁན་ཆེན་ཞེས་ཡོངས་སུ་གྲགས། རྗེས་སུ་བོད་ལྗོངས་ལྷ་ས་སྨན་རྩིས་ཁང་གིས་གདན་དྲངས་ཏེ་གསོ་རིག་ཀུན་བཏུས་ཀྱི་ དེབ་རྩོམ་སྒྲིག་པ་གཙོ་བོའི་གྲས་སུ་བཞུགས། ༡༩༧༧ལོར་པེ་ཅིན་དུ་ཀུན་གཟིགས་པན་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་གིས་ བཀའ་ལྟར་བོད་ལྗོངས་དང་། མཚོ་སྔོན ། ཀན་སུའུ། ཟི་ཁྲོན ། ནང་སོག་གི་སློབ་མ་དག་ལ་སྔ་ཕྱིར་སྒྲ་གཞུང་ཙནྡྲ་བ་དང་དབྱངས་ཅན་སྒྲ་མདོ། སྡེབ་སྦྱོར་རིན་འབྱུང་སོགས་ཀྱི་བཀའ་ཁྲིད་གནང༌། ཁྱད་པར་དུ ༡༩༨༨ ལོ་ནས་མདོ་སྨད་ཀན་སུའུ་རང་སྐྱོང་ཁུལ་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་སོགས་ སུ་ཕེབས་ནས་དངུལ་ཆུ་བཙོ་བཀྲུ་ཐེངས་བཅུ་གཉིས་ཙམ་བཟོ་གནང་ཅིང་ཕྱག་ཁྲིད་སྤེལ། དེ་མིན་ཁོང་ཉིད་སྔ་ཕྱིར་འཇར་པན་དང་ཨ་མེ་རི་ཀ དབྱིན་ཇི་རྒྱལ་ཁབ་ཁག་ཏུ་ཐེངས་མང་པོ་ཕེབས་ནས་བོད་ལུགས་གསོ་རིག་མཚམས་སྦྱོར་ དང་རིག་གཞུང་བགྲོ་གླེང་ལ་ཞུགས། ༢༠༠༠ལོར་རྒྱལ་སྤྱིའི་བོད་ལུགས་རིག་གཞུང་གྲོས་ཚོགས་ཐོག་ཐེངས་དང་པོའི་གཡུ་ ཐོག་གསེར་བུམ་གྱི་བྱ་དགའ་སོགས་སྔ་ཕྱིར་གཟེངས་བསྟོད་དུ་མ་ཐོབ། ཁོང་ཉིད་ཀྱིས་སྔ་ཕྱིར་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོའི་ཡོན་ ཀྲང་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱལ་ཡོངས་མི་རིགས་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་ གཙོ་གཞོན་པ་དང་པོ་སོགས་ཀྱི་འགན་བཞེས་ཞིང༌།
བརྩམས་ཆོས་ལ། དབྱངས་ཅན་སྒྲ་མདོའི་འགྲེལ་པ་ཚིག་དོན་གསལ་བྱེད་དང་རྒྱུད་བཞིའི་འགྲེལ་ཆེན་སོགས་བརྩམས་ཆོས་བཅུ་ཕྲག་ལྷག་བཞུགས་སོ།།
1 Comment
Pema Dorji / 2018-03-16 at 06:21
Looking for medicinal books called Throru Tse nam volume 1 to 6
Leave a Reply