ཁྱེད་ནམ་ཡང་དཀར་པོ་ཡིན།

དུག་ཚེར།

སྲོལ་རྒྱུན་གྱི་བཤད་སྟངས་ལྟར་ན་ལས་དབང་ཞིག་གིས་ཡིན་ཀྱང་ཆོག དོན་དངོས་སུ་གྲོགས་དམ་པ་གང་གི་བཀའ་དྲིན་གྱིས་འུ་གཉིས་ཀྱང་ལྷན་འཛོམ་གྱི་སྐལ་བ་ཐེངས་གཅིག་བྱུང་སོང། གྲོགས་གཅེས། འུ་ཚོ་ལྷན་འཛོམས་ཀྱི་མཚན་མོ་སྟེ།
ཆེས་འུར་ཟིང་ཆེ་བའི་མཚན་མོ་དེར།
ང་ཚོ་ཐོག་མར་ཕྲད་པ་ཡིན་རུང་སོ་སོའི་སེམས་ནང་གི་སྡུག་ཡུས་ཡོད་ཚད་ཁ་རུ་འབྱིན་སྐབས་ང་ཚོ་ནི་ཕན་ཚུན་ལ་རྒྱུས་ལོན་ཡོད་པ་ལྟ་བུ་སྟེ་སྔར་ནས་ངོ་ཤེས་པ་ཞིག་དང་མཚུངས་ཨང།
དེའང་ལོས་ཡིན་ཏེ་ཁྱེད་ནི་མི་རིགས་ཤིག་གི་བློ་འབྱེད་པ་ཡིན་པས་ན། ང་ཚོ་ནི་ཁྱེད་ཀྱི་བསམ་བློ་དང་ལྟ་གྲུབ་ཀྱི་རྗེས་འབྲང་བ་ཡིན་པས་སོ།

དྲང་མོར་བཤད་ན་མཚན་མོ་དེར་ངའི་བློ་ལ་ཆེས་བབས་པ་ཞིག་ནི། ཁྱེད་ཀྱིས་ང་ཚོར་ཕྱི་བཅོས་ནང་བཅོས་བྱས་པའི་མི་ཤེས་ཤེས་ཉམས་ཀྱི་སྐད་ཆ་རྫིག་པོ་ཞིག་བཤད་མ་སོང་ལ། མ་ཡིན་ཡིན་མདོག་གི་མི་ཆེན་གྱི་ཉམས་འགྱུར་གང་ཡང་བསྟན་མ་སོང། ཚུགས་ཀ་དང་ཉམས་འགྱུར་ལ་བལྟས་ན་ཁྱེད་ནི་དམངས་མི་ཕལ་བ་ཞིག་དང་ཀུན་ནས་མཚུངས། ཁོ་བོས་ཁྱེད་ཀྱི་རྣམ་པ་དེ་མཐོང་ཚེ་དམ་པའི་སྐྱེས་བུའི་ཐུན་མིན་གྱི་ཁྱད་ཆོས་དངོས་དེ་ཚོར་སོང་ལ། དེའི་མོད་ལ་བོད་ཀྱི་སྐྱེས་ཆེན་གནམ་ས་འདྲ་བ་འདི་ཚོ་ལའང་ཁྱེད་ཀྱི་ཀུན་སྤྱོད་ལྟ་བུ་ཞིག་ཡོད་ན་ཅི་མ་རུང་སྙམ་པའི་ཤུགས་རིང་ཞིག་ཀྱང་ངང་གིས་ཤོར་ཐལ།

ད་དུང་དེ་ལས་ཀྱང་བརྗེད་མི་ཐུབ་པ་ཞིག་ཡོད་པ་ནི་ཁྱེད་ཀྱིས་བདག་ལ་གདམས་པའི་ངག་སྟེ༼ཁྱོད་ནི་ན་གཞོན་རྨི་ལམ་ཅན་ཞིག་ཡིན་པས། རྨི་ལམ་གྱི་ཕྱིར་ཏུ་གོམ་པ་དང་པོ་འདི་ནས་བརྩམས་ཏེ་གོམ་པ་བརྒྱ་སྟོང་ཁྲི་འབུམ་བརྒལ་ནས་མཐའ་མེད་ཀྱི་ཁམས་སུ་བསྐྱོད་དགོས་སོ༽ཞེས་པའི་སྐད་ཆ་འདི་ནི་ཁོ་བོར་དེ་སྔོན་སུས་ཀྱང་བཤད་མ་མྱོང་བ་ཞིག་སྟེ། འདིས་ཁོ་བོར་སྔར་མེད་ཀྱི་སྙིང་སྟོབས་གསར་བ་ཞིག་བྱིན་སོང། དེ་བས་སྐད་ཆ་འདི་ཁོ་བོར་མཚོན་ན་མི་ཚེའི་ཁྲོད་བརྗེད་ཐབས་བྲལ་བའི་རིན་ཐང་གཞལ་མེད་ཀྱི་སྐད་ཆ་ཉག་གཅིག་དེ་ཡིན་ཀྱང་ཆོག ཁོ་བོས་ཕོ་ལོ་ཉེར་བདུན་གྱི་འཚོ་བའི་ཁྲོད་དུ་བོད་ཀྱི་སྐྱེས་ཆེན་གནམ་ས་འདྲ་བ་གང་མང་མང་ཞིག་གི་སློབ་ཁྲིད་དང་གཏམ་བཤད་སོགས་ལ་རང་ཚོད་ཀྱིས་མང་ཙམ་ཉན་མྱོང་ཡང། གང་དེ་ཚོའི་ཁྲོད་ནས་སྐད་ཆ་འདི་འདྲ་ནི་གོ་མ་སོང་ཞེས་བཤད་ནའང་མི་ཆོག་པ་མེད།འདིའི་ཡན་འུ་གཉིས་ཀྱི་འབྲེལ་བ་མཚོན་པའི་ཚིག་དུམ་ཙམ་ཡིན་ཁུལ་བྱོས།

ད་ནི་བརྗོད་བྱའི་དོན་དངོས་ལ་འཇུག་ན། སྐུ་ཞབས་ཞོགས་ལྗང་ལགས་ནི་དུས་རབས་ཀྱི་སྟེགས་བུའི་སྟེང་དུ་གླེང་རིན་ཡོད་པའི་ན་གཞོན་ཞིག་སྟེ། མི་རིགས་ཤིག་གི་གནས་བབས་དང་འབྱུང་འགྱུར་གྱི་ཆེད་དུ་མི་སྨྲ་བའི་རྟུལ་ཞུགས་དོར་ནས། བདེན་དྲང་གི་གནས་ལུགས་སྣུམ་པོ་མེ་ལྕེ་ཐོགས་པའི་སྨྲ་སྒོར་བསྐྱོན་པའི་འཐབ་མོ་བ་སྡུག་རུས་ཅན་ཞིག་རེད། ཁོང་གི་བདེན་ལུགས་ཤོད་པའི་ལྕེ་རྩལ་དང་། གདོང་ལེན་ཕོད་པའི་སྙིང་སྟོབས་དེས། ད་སྔོན་ཡང་གཉིད་དུ་ཡུར་བའི་གངས་ཐང་འདིར་སད་བརྡ་ཐེངས་གཅིག་གཏོང་མྱོང་ལ། ཐེངས་འདིར་བསྐྱར་ཏུ་གངས་ཅན་པའི་ན་གཞོན་ཡོངས་ལ་ལྐུལ་ལྕག་ཚ་ཐག་ཆོད་ཅིག་གཞུས་སོང།

གྲོགས་གཅེས་ངོ་མ་བཀའ་དྲིན་ཆེ། ཁྱེད་ཉིད་ཀྱི་ལྷག་བསམ་དང་མཛད་རྗེས་ནི་ང་དང་ངའི་རིགས་མཐུནཚོས་དུས་ནམ་ཡང་བརྗེད་མི་སྲིད། དོན་དམ་དུ་ང་ཚོ་ཙམ་དུ་མ་ཟད་སྒང་འདིའི་མི་སེམས་ལྡན་པའི་མིའི་རིགས་ཡོད་དོ་ཅོག་གིས་བདེན་ལུགས་ཀྱི་འཐབ་མོ་བ་ཁྱེད་ལ་བཀའ་དྲིན་ཞུ་འོས་ཏེ། ཁྱེད་ཉིད་གཡུལ་དུ་ཞུགས་པ་ནི་མིའི་རིགས་ཀྱི་འཚོ་བའི་ཆེད་དུ་ཡིན་པས་སོ།

དེར་བརྟེན་སྤུན་ཟླ་ཚོ། འུ་ཚོས་སྐུ་ཞབས་ཞོགས་ལྗང་ལགས་གླེང་དགོས་ལ་འཚོལ་དགོས། ཁོང་ཉིད་དེ་རིང་ཁྲི་མུན་གྱི་ར་བ་རུ་ཆས་པ་འདི་འུ་ཚོའི་རྩ་དོན་གྱི་ཕྱིར་ཏུ་ཡིན་པ་བརྗེད་མི་རུང།

གྲོགས་གཅེས། ཐེངས་འདིར་སྒེར་གཅོད་ཤོག་ཁག་གིས་ཁྱེད་ཉིད་ལ་ནག་ཉེས་གང་ཞིག་བཙན་འགེལ་བྱས་ནས་ཁྲིད་པ་ཡིན་པ་ང་ཚོས་ཤེས་ཡོད། འོན་ཀྱང་ཁྱེད་ལ་ནག་ཉེས་མེད། ཁྱེད་ནམ་ཡང་དཀར་བོ་དཀར་པོ་དཀར་རྐྱང་ཡིན་ལ། མི་རིགས་འདི་ཡང་དཀར་པོ་དཀར་རྐྱང་ཡིན། དེ་བས་ཕ་བཟང་བུ་ཡིད་ཆེས་བྱོས་དང། དུས་ནམ་ཞིག་ན་ཁྱོད་ལ་དྲང་བདེན་གྱིས་བྱིན་པའི་རྒྱལ་ཁ ཡོད།

རིགས་ཀྱི་བུ། བདེན་པའི་སྲས། ཁྲི་ལོར་ཤོག ཁྱེད་ཀྱི་ལྷག་བསམ་ཁྲི་ལོར་ཤོག སྙིང་སྟོབས་ཁྲི་ལོར་ཤོག སྨྲ་ལྕེ་ཁྲི་ལོར་ཤོག

གནས་ལུགས་ཁྲི་ལོར་ཤོག ཁྲི་ལོ་ནས་ཁྲི་ལོར་ཤོག །

༢༠༡༥།༤།༨

Leave a Reply