འཛམ་གླིང་སྙན་དངགས་ཉིན་མོ།

ཕྱི་ལོ་༡༩༩༩ལོའི་ཕྱི་ཟླ་༡༠ པ་ནས་༡༡ བར་ཧྥ་རན་སིའི་རྒྱལ་ས་ཕེ་རེ་སི་ནས་འཚོགས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚན་རིག་དང་རིག་གཞུང་སློབ་གསོ་ཚོགས་པའི་(UNESCO)ཚོགས་ཆེན་ཐེངས་༣༠ སྟེང་ལོ་ལྟར་ཕྱི་ཟླ་༣ པའི་ཚེས་༢༡ ཉིན་ནི་འཛམ་གླིང་སྙན་ངག་གི་ཉིན་མོ་སྲུང་བརྩི་བྱ་རྒྱུ་ཡིན་པའི་གཏན་འབེབས་གནང་བ་དང་། ཉིན་མོ་དེ་ནི་མི་རིགས་དང་ཤ་མདོག ལོ་ཚད་སོགས་ལ་ཁྱད་མེད་པར་སྙན་ངག་ལ་དགའ་མཁན་དང་སྙན་ངག་རྩོམ་མཁན་རྣམས་ལ་དབང་བའི་འཛམ་གླིང་སྙན་ངག་པའི་ཉིན་མོ་ཞིག་ཡིན།
འཛམ་གླིང་སྙན་ངག་གི་ཉིན་མོ་སྲུང་བརྩི་བྱ་དགོས་བའི་དམིགས་ཡུལ་ནི།
༡། སྙན་ངག་ལ་རྒྱབ་སྐྱོར་གནང་སྟེ་སྐད་ཡིག་གི་སྣ་མང་རང་བཞིན་ཕྱིར་མངོན་རྒྱུ། དེ་དང་ལྷན་འཆི་ལ་ཉེ་བའི་སྐད་ཡིག་དེ་སྤྱི་ཚོགས་ནང་གསོན་ཐུབ་པའི་གོ་སྐབས་བསྐྲུན་རྒྱུ།
༢།འཛམ་གླིང་ཡུལ་གྲུ་སོ་སོ་ནས་སྤེལ་བའི་སྙན་ངག་གི་ལས་འགུལ་ལ་གོ་སྐབས་བསྐྲུན་ཏེ་ཚད་རིམ་མི་འདྲ་བའི་སྙན་ངག་གི་ལས་འགུལ་སྤེལ་བར་རམ་འདེགས་གནང་རྒྱུ།
༣། འཛམ་གླིང་སྙན་ངག་གི་ཉིན་མོ་སླེབས་པ་དང་ལྷན་དཔར་སྐྲུན་ཁང་ཆུང་ངུ་དག་དཔར་སྐྲུན་ཚོང་ར་བསྐྱོད་པ་དང་གཞོན་སྐྱེས་སྙན་ངག་པའི་བརྩམས་ཆོས་དཔར་སྐྲུན་ཐུབ་པར་དགེ་མཚན་ཆེ་བ་ཡོད་པ།
༤། མི་རྣམས་སྲོལ་རྒྱུན་གྱི་སྙན་ངག་གྱེར་འདོན་ལ་ཕྱིར་ལོག་པར་དགེ་མཚན་ཆེ་བ།
༥། སྙན་ངག་བརྒྱུད་ཞི་བདེ་དང་འཚེ་མེད་ཞི་བ། བཟོད་སྒོམ་སོགས་བརྗོད་གཞི་བྱེད་པའི་ལས་འགུལ་སྤེལ་ཏེ་ཟློས་གར་དང་རོལ་མོ། རི་མོ་སོགས་སྒྱུ་རྩལ་རྣམ་གྲངས་ཁག་དང་ལྷན་གླེང་མོལ་བསྐྱར་གསོ་དང་བར་ཐག་ཉེ་རུ་གཏོང་བ།
༦། ཉིན་མོ་འདི་བརྒྱུད་སྙན་ངག་ལ་འདས་ཟིན་པའི་སྒྱུ་རྩལ་གྱི་ཞྭ་མོ་གཡོགས་པ་དོར་ཏེ་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྱར་དུ་སྙན་ངག་གི་རིན་ཐང་ངོས་འཛིན་དང་སྙན་ངག་ནི་དེང་རབས་ཀྱི་སྒྱུ་རྩལ་རྣམ་པ་ཞིག་ཡིན་པའང་ངོས་ཟིན་པར་འཇུག་རྒྱུ་དེའོ། །

ས་དཀར་བཀྲ་ཤིས་ཀྱིས་དབྱིན་ཡིག་ནས་བསྒྱུར།

Leave a Reply