ངེས་གཏན་མེད་པའི་བརྩེ་དུང་།
གངས་དཀར་རྒྱལ་སྲས།
ཆོས་མཚོ་བོད་ནང་ན་ཡོད་དུས་མཐོ་འབྲིང་བར་དུ་སློབ་གྲྭར་སོང་མྱོང་མོད། མཐར་མ་ཕྱིན་པའི་སྔོན་ལ་མོ་སློབ་གྲྭ་ནས་བུད་དེ་གྲོང་དང་གྲོང་ཁྱེར་མང་བོ་ཞིག་འགྲིམས་ནས་མཐར་རྒྱ་གར་ལ་འབྱོར། རྒྱ་གར་དུ་འབྱོར་རྗེས་སློབ་གྲྭར་ཞུགས་ཏེ་ལོ་གཅིག་ཙམ་ལ་དབྱིན་བོད་རྩིས་སོགས་ལ་སྦྱང་ནའང་དེ་ནས་གནམ་གཤིས་དང་འཚོ་བའི་སྡུག་མ་ཐེགས་པར་ཕྱིར་ཕ་ཡུལ་དུ་ལམ་ལ་བུད།
ཡིན་ནའང་ལམ་ཁར་ཤེས་རབ་ཟེར་བའི་ཕོ་གསར་ཞིག་དང་དགའ་རོགས་ཆགས་ནས་དེ་དང་ལྷན་དུ་ཟླ་གཅིག་ཙམ་འགྲོགས་པའི་རིང་ལ་གནས་ཚུལ་མང་བོ་ཞིག་རྟོགས་ཤིང། ཉམས་མྱོང་ཡང་གང་འཚམས་ཤིག་བསགས་བྱུང། མོས་ཐོག་མར་ཤེས་པ་ནི་སྤྱི་ཚོགས་འདིའི་ནང་དུ་ན་ཚོད་མོ་དང་འདྲ་བའི་བུ་མོ་མང་བོ་ཞིག་གིས་རང་ཉིད་ཀྱི་རྣམ་པ་ལ་བརྟེན་ནས་འཚོ་ཐབས་བྱེད་ཀྱིན་ཡོད་པ་མ་ཟད། ད་དུང་ཡོ་རོབ་དང་ཨ་རི་ནས་དགའ་རོགས་རེ་རག་ཚེ་དེ་ནི་སེམས་ཁྲལ་མེད་པའི་དཔལ་འབྱོར་ཐོན་ཁུངས་ཆེ་ཞིག་ཡིན་པའི་འགྲོ་སྟངས་དེ་རེད། བོད་མོ་མང་བོ་ཞིག་གིས་ཕྱི་རྒྱལ་ནས་དགའ་རོགས་བཙལ་ཏེ་རང་ཉིད་ཕྱི་རྒྱལ་ལ་བུད་སོང་བ་མང་བོ་ཞིག་འདུག་ལ། ཁ་ཤས་ཀྱིས་རང་ཉིད་ཕྱི་རྒྱལ་ལ་ཐར་རྗེས་དོན་དག་ཀ་གོར་རེ་གླེང་ནས་བརྩེ་དུང་མེད་པའི་དགོས་དབང་གིས་བཙལ་བའི་དགའ་རོགས་དེ་དག་གཡུགས་ཐབས་བྱེད་ཀྱིན་ཡོད། རེ་ཟུང་གིས་ཀུ་རེ་རྔ་མ་འཁྱོག་ལ་སོང་ནས་དོན་དངོས་ཀྱི་བཟའ་ཚང་ཆགས་སོང་བ་དེ་འདྲའང་འདུག དེ་དག་གང་ལྟར་ཀྱང། མོས་གནས་བབ་དེ་དག་ཤེས་རྗེས་རང་ཉིད་གཉེན་མེད་གྲོགས་མེད་ཀྱི་ས་མཐའ་འདི་ནས་འཚོ་བའི་དཀའ་ངལ་མི་འབྱུང་བའི་གདེངས་ཚོད་གང་འཚམས་ཤིག་རྙེད་བྱུང་བས་ཕ་ཡུལ་ལ་འགྲོ་བའི་འདུན་པའང་ངང་གིས་ཡལ་སོང་།
སྐབས་དེ་དག་ཏུ་མོའི་ཤེས་རབ་ཀྱིས་མི་ཚོར་ས་ནས་།“ལྐོག་ཚོང་”འགའ་རེའང་བརྒྱབ་མྱོང་མོད་ཤེས་རབ་ལ་སྣང་དོགས་ཅི་ཡང་མེད་པས་མོས་ཤེས་རབ་ཀྱིས་མོའི་ལྐོག་གི་དོན་དག་དེ་དག་ཤེས་ཀྱི་མེད་པར་འདོད་པ་ལས་ཤེས་རབ་མོ་ལ་བརྩེ་བ་མེད་པ་གཏན་ནས་མ་ཤེས། མོའི་སྐྱེ་གཟུགས་དེ་ཙམ་རིང་རྒྱུ་མེད་མོད་མི་སྐམ་མི་རྒྱགས་པའི་སྐྱེ་གཟུགས་དང་དཀར་ལ་དམར་མདངས་ཆགས་པའི་བཞིན་རས་དེ་ཡིད་དུ་འོང་བ་ཞིག་ཡོད་པས་ཕོ་གསར་མང་བོས་ཁ་པར་སོགས་བརྒྱུད་ནས་མོའི་ཁམས་དང་བསྟུན་ནས་སྐད་ཆ་གང་མང་རེ་བཤད་དུས། མོས་སྐད་ཆ་དེ་དག་ཚང་མ་བདེན་པར་རློམ་ནས་རྒྱུས་ཡོད་མེད་གཉིས་ལ་ཁ་བརྡ་སྣ་ཚོགས་བཤད་པར་གོམས་པས། ཆུང་མ་ཡོད་མེད་མང་བོ་ཞིག་གིས་མོའི་རྒྱུས་ལོན་དེ་མོའི་སེམས་ཁམས་དང་བསྟུན་ནས་སྐད་ཆ་གང་མང་བཤད་དུས་ཁ་བདེ་རེ་ཟུང་ལ་“གོ་སྐབས་”རེའང་རག་རབས་བཤད་རྒྱུ་ཡོད། ཁ་པར་ནང་གི་སྐད་ཆ་དེ་དག་གི་རྐྱེན་གྱིས་མོའི་སྣང་བའང་ཇེ་མཐོར་སོང་ནས་སྐད་ཆ་ཆེན་པོ་དང་ལྟ་རྒྱ་ཐོས་རྒྱ་ཡོད་ཚུལ་མང་བོ་བཤད་ནས་འོང། དེ་ལྟར་ཟླ་བ་རེ་ཟུང་བསྐྱལ་རྗེས་མོས་གཞི་ནས་ཁ་པར་ནང་གི་སྐད་ཆ་དེ་དག་ཁ་ཡག་ངོ་བསྟོད་དང་གོ་མི་ཆོད་པ་ཤ་སྟག་ཡིན་པ་ཤེས། དེ་ལྟར་ལོ་ཟླ་གང་འཚམས་ཤིག་སོང་རྗེས་མོའི་རང་གཤིས་དང་སེམས་ཁམས། མོའི་འདོད་ཚུལ་སོགས་མི་མང་བོས་ཤེས་པས་ཕོ་སར་རྐྱལ་སྟོང་རེ་འགས་སྐབས་ཐོག་གི་“སྐོམ་པ་”སེལ་བྱེད་ཙམ་ལས་རྒྱང་རིང་གི་དམིགས་བྱ་འཛིན་མཁན་མེད་པར་གྱུར་བ་དང་ལྷན་མོའི་དཔལ་འབྱོར་གྱི་དཀའ་ངལ་ཡང་ཐག་ཉེ་ལ་སླེབས་པར་གྱུར།
ཉིན་ཞིག་རྡོ་རྗེས་གོ་ཚུལ་ལྟར་ན་མོ་སློབ་གྲྭ་ནས་བུད་དེ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ན་ཡོད་པའི་སྐད་ཆ་ཞིག་གོ་བས་ཁོ་ལམ་སང་ལྡི་ལིར་སོང་དུས་ཆོས་འཚོ་ཤེས་རབ་དང་མཉམ་དུ་འགྲོ་བཞིན་འདུག་ལ་སྤྱོད་པ་དང་གཤིས་ཀ་སྔོན་ཆད་དང་མི་འདྲ་བར་འགྱུར་འདུག་པའི་སྣང་བ་ཞིག་ཤར། རྡོ་རྗེ་ནི་མོའི་ཕ་ཡུལ་གཅིག་པ་ཡིན་པས་སྔོན་ཆད་མོ་རྒྱ་གར་ལ་སླེབས་མ་ཐག་རོགས་པ་གང་མང་བྱེད་མྱོང། ཤེས་རབ་ནི་རྡོ་རྗེའི་ངོ་ཤེས་ཤིག་ཡིན་ལ་ཤེས་ཡོན་ཡོད་མདོག་གིས་སྐད་ཆ་ཆེན་པོར་བཤད་རྒྱུར་དགའ་མཁན་ཞིག་ལས་མི་གཞི་ཅན་ཞིག་གཏན་ནས་མིན། རྡོ་རྗེས་ཆོས་འཚོ་ཁྲིད་ནས་ཇ་ཁང་ཞིག་ཏུ་ཇ་འཐུང་བཞིན་མོ་ལ། “ཁྱོད་ཀྱིས་རྒྱུས་མེད་ཅིག་ལ་འདི་ལྟར་དགའ་རོགས་བྱས་ནས་ཅི་བྱེད། ཁོ་མི་ག་འདྲ་ཞིག་ཡིན་མིན་དང་ཁོ་ཁྱོད་ལ་བརྩེ་བ་ཡོད་མེད་སོགས་མི་ཤེས་པས་རྗེས་མ་བྱིས་པ་ཞིག་མངལ་ལ་སྦྲུམ་དུས་གཡུགས་བཞག་ན་དེ་དུས་ཚར་བ་རེད། དེང་སང་གི་མི་འདི་ཚོས་རང་གི་དགའ་རོགས་ཀྱིས་རྒྱན་འཇོག་སྤྱད་ཀྱང་བྱེད་གི་རེད། ལ་ལས་བཤད་ན། ཁྱོད་ཤེས་རབ་ཀྱི་དགའ་རོགས་རེད་ཟེར། མི་དེ་ངས་ངོ་ཤེས་ཀྱི་ཡོད། ཁོ་ཁྲེལ་མེད་རྐྱལ་སྟོང་ཆེ་ཞིག་ཡིན། ཁོས་བུ་མོ་ཚོ་གྱོན་པ་བརྗེ་བརྗེ་བྱེད་གི་ཡོད་པ་རེད། མི་དེས་དངོས་གནས་བསམ་ཡུལ་ལས་འདས་པའི་དོན་དག་བཟོ་གི་རེད་ཅེས་བཤད་ཀྱང། མོས་“ག་བ་ག་བ་ཤེས་རབ་མི་ངན་ཅི་འདྲ་རེད་ཟེར་ནའང་དེ་འདྲ་བྱེད་གི་མ་རེད་ལ་རྒྱན་འཇོག་བྱེད་དེ་བས་ཀྱང་བྱེད་ཀི་མ་རེད། དེ་ལས་ཁྱོད་ཀྱིས་དེང་སྐབས་ཅི་ཞིག་བྱེད་བཞིན་ཡོད་པའི་སྐོར་ཤོད་དང”་ཞེས་ཁ་བརྡ་གསར་བ་ཞིག་གི་འགོ་བཟུང་བྱུང། “ང་དེང་སྐབས་སྔོན་བཞིན་མི་རྐྱང་བྱས་ནས་བསྡད་ཡོད་པས་དེ་རིང་ཁྱོད་བཙལ་དུ་ཡོང་བ་ཡིན། ཁྱོད་རང་ཆ་མེད་རྒྱུས་མེད་དེ་འདྲ་ཞིག་དང་མཉམ་དུ་འདུག་པ་ལས་ཅི་ལྟར་བཤད་ཀྱང་འུ་གཉིས་ཕ་ཡུལ་གཅིག་པ་རེད་ལ་ཕན་ཚུན་ལའང་རྒྱུས་ཡོད་པ་རེད། ངས་ཁྱོད་སླུ་སྲིད་གི་མ་རེད། ང་ཧ་ལས་པའི་ཕྱུག་པོ་དེ་འདྲ་མིན་ནའང་འུ་གཉིས་ཀྱི་འཚོ་བར་དཀའ་ཁག་འབྱུང་གི་མ་རེད་”སོགས་བཤད་འོང་དུས་མོའི་སེམས་ལ་ཁོས་ང་ལ་ཤ་ཚ་བ་ནི་མ་གཞི་ནས་དོན་དག་དེ་འདྲ་ཞིག་རེད། ས་མཐའ་ནས་ཕ་ཡུལ་གཅིག་མ་གཅིག་གི་སྐད་ཆ་མི་འདུག སྔོན་ཆད་ས་ཆ་འདིར་ཐོན་མ་ཐག་ཅུང་ཙམ་མིན་ན་ཁོའི་གཡོ་འོག་ལ་ཚུད་སོང་བསམ་བཞིན། “ཡ་ཡ་ཁྱོད་ཀྱི་བཤད་པ་ཚང་མ་ང་ལ་ཤ་ཚ་བ་ཡིན་པ་ངས་ཤེས་གི ཡིན་ནའང་འུ་གཉིས་ལ་ལམ་གཅིག་ལ་ལས་ཡོད་མེད་ག་ལེར་ལྟ་ཆོག་གི་རེད”། ཅེས་རྡོ་རྗེའི་བརྩེ་དུང་དེང་ལེན་མ་བྱས་པས་ཁོས་ཀྱང་ཨུ་ཚུགས་མ་བརྒྱབ་པར་ཡ་ཡ་གཙོ་བོ་ཁྱོད་ཀྱིས་ལྟོས་ནམ་ཞིག་ཁྱོད་འགྱོད་པ་སྐྱེ་ཁོ་ཐག་ཡིན། འདི་དག་ངས་ཁྱེད་ལ་ཉོས་ཡོང་བ་ཡིན། སེམས་པ་མཚོན་བྱེད་ཙམ་ཡིན་ཞེས་དར་གོས་ཀྱིས་མདུད་པའི་ཤོག་སྒམ་གཉིས་དང་སྙིང་དབྱིབས་ཅན་གྱི་འགྱིག་སྒམ་དམར་པོ་ཞིག་སྤྲད་ཞོར། འདི་དག་ཁྱོད་ཀྱིས་ཁྱེར་མ་གཏོགས་ང་གཞན་ན་སྤྲད་ས་ཅང་མེད་རྗེས་མ་དོག་དག་ཡོད་ན་ཁ་པར་རྒྱོབ་ཅེས་རང་རང་སར་བུད་སོང།
ཟླ་ལྔ་དྲུག་ཅིག་གི་རྗེས་ལ། ཐེངས་ཤིག་ཤེས་རབ་་ཟེར་བའི་མོའི་དགའ་རོགས་དེས། ཕོ་སར་ཚོ་དང་ལྷན་དུ་བུ་མོ་རག་མི་རག་གི་སྐོར་དང་ཕོ་སར་སུ་རྫིག་སུ་ངན་གྱི་སྐད་ཆ་ཤོད་སྐབས་ཁོས་ཆོས་མཚོའི་ཕ་ཡུལ་གཅིག་པ་རྡོ་རྗེ་ལ་ངས་བུ་མོ་གཞན་པ་མི་བཤད“ཁྱེད་ཚོའི་ཕ་ཡུལ་གཅིག་པ་ཆོས་མཚོ་ལའང་ག་དུས་གཡབ་དགོས་ན་གཡབ་རྐྱང་ཡིན། མི་རློམ་ན་ཁྱེད་ཚོ་ས་ཆ་འདི་ལ་ཤོག་དང་ངས་ཁྲིད་ཡོང་ནས་གཡབ་ཆོག་”ཅེས་བཤད་པས། མོའི་ཕ་ཡུལ་གཅིག་པ་རྡོ་རྗེའི་སེམས་ལ་སྐད་ཆ་དེ་དུག་ཚེར་བཞིན་དུ་ཕོག་ནས། “ག་དུས་ཁྲིད་ཡོང་ཆོག་ཆོག་ཡིན་ན་དེ་རིང་ཉིན་གུང་ཁྱོད་ཀྱིས་ཁྲིད་ལ་ཤོག་དང་ང་ཚོས་ནགས་ཁྲོད་ནས་བསྒུག་ནས་འདུག་ཆོག གལ་ཏེ་ཡོང་མ་ཐུབ་ན་ང་ཚོ་མི་རེ་ལ་སྒོར་ཆིག་སྟོང་རེ་དགོས་”ཞེས་བཤད་པས་ཁོས་“ཆོག་གི་ངས་ཁྲིད་ཡོང་ནས་ནགས་ཁྲོད་ནས་གཡབ་ཆོག ཡིན་ན་ང་ལའང་སྒོར་ཆིག་སྟོང་དགོས”་ཞེས་རྒྱན་བཞག རྡོ་རྗེས་སེམས་བསམ་པའི་གཏིང་ནས་མོ་ཇི་འདྲ་ངན་ན་ཡང་ཉིན་དཀར་དཀར་ལ་གང་ནས་ཡོང་། གལ་ཏེ་ཡོང་བའི་དབང་དུ་བཏང་ནའང་ནགས་གསེབ་འདི་ནས་གཡབ་གི་འཇུག་གི་མ་རེད་བསམ་ནས་གདེངས་ཚོད་ཡོད་པའི་སྒོ་ནས་རྒྱན་དེ་བཞག་པ་རེད། ཅང་མ་འགོར་བར་ཤེས་རབ་ཀྱིས་གང་ཞིག་ནས་ཆོས་མཚོ་ཁྲིད་ནས་སླེབས་བྱུང་ལ་ཁོ་གཉིས་ཀྱིས་ཅི་ཞིག་བཤད་ཀྱིན་བཤད་ཀྱིན་མོས་སྟོད་ལྭ་ཕུད་ནས་འོག་ལ་བཏིང་སྟེ་ཉལ་བྱུང་བས་མོའི་ཕ་ཡུལ་གཅིག་པ་རྡོ་རྗེ་སོགས་རྒྱན་དང་ལ་རྒྱ་གཉིས་ཀ་ནས་ཕམ་པས་ཁོང་ཁྲོ་དང་ཚིགས་པ་ཟོས་ནས་བསམ་བཞིན་དུ་ཤེས་རབ་ཀྱིས་མོ་ལ་གཡབ་བཞིན་པའི་འཁྲིས་ལ་སོང་ནའང་མོས་མིག་གཉིས་བཙུམ་ནས་ལུས་ཉོབ་ཐག་ལ་ཆད་དེ་འཁུན་སྒྲ་འདོན་པ་ལས་ཁོ་ཚོ་འཁྲིས་ལ་ཡོང་བའང་མཐོང་མ་བྱུང། ཤེས་རབ་རྒྱལ་ཁའི་འཛུམ་མདངས་དང་ལྷན་དུ་ཡར་ལངས་བྱུང། མོས་མིག་ཟུང་ཕྱེ་དུས་མོའི་ཕ་ཡུལ་གཅིག་པ་ཚོ་ཚང་མ་མོའི་འཁྲིས་ལ་འདུག་པས་མོ་ཧང་སངས་ཤིང་ངོ་ཚ་ནས་ངོ་མདོག་དམར་པོ་ནས་སྐྱ་སྐྱར་གྱུར། ཡིན་ནའང་ཁོ་ཚོས་རང་རང་གི་མགོ་བོ་འཕྲེད་དུ་གཡུག་བཞིན་ཡ་མཚར་བའི་ཉམས་ཀྱིས་བལྟས་འདུག་པ་ལས་སྐད་ཆ་གཅིག་ཀྱང་བཤད་རྒྱུ་མེད་པར་སྒོར་ཆིག་སྟོང་རེ་བླངས་ནས་ཤེས་རབ་ལ་སྤྲད་པས། མོས་གཞི་ནས་རང་ཉིད་མིས་རྩེད་སྤྱད་བྱེད་ཀྱིན་པ་ཚོར་ལ། རྡོ་རྗེས་སྔོན་ཆད་རང་ཉིད་ལ་བཤད་པའི་སྐད་ཆ་ཚང་མ་ཁོ་རང་མོ་ལ་དགའ་བ་ཁོ་ནའི་ཆེད་དུ་མིན་པར་འབྱུང་སྲིད་པའི་དོན་དག་དང་ཤ་ཚའི་སྙིང་གཏམ་རེ་རེ་ཡིན་པ་ཡིད་ལ་འཁོར།
རྗེས་ནས་ཤེས་པ་ལྟར་ན་ཐེངས་ཤིག་མོ་ཤེས་རབ་དང་འགྲོགས་ནས་རྡ་རམས་ས་ལར་ཡོང་ནས་ཟླ་གཅིག་ཙམ་ལ་བསྡད་པའི་རིང་ལ། ཤེས་རབ་ལ་རྟ་མགྲིན་འཚོ་ཟེར་བའི་དགའ་རོགས་གཞན་ཞིག་འདུག སྐབས་དེར་ཆོས་འཚོ་མེག་ལོར་གྱི་སྲང་ལམ་དུ་འགྲོ་བཞིན་ཤེས་རབ་ལ་ཁ་པར་བཏང་དུས་ཤེས་རབ་དང་རྟ་མགྲིན་འཚོ་གཉིས་ཙོང་ཁ་ཟ་ཁང་གི་ཐོག་ཁ་ན་ཡོད་ལ་ཤེས་རབ་ཀྱིས་ཆོས་འཚོ་སྲང་ལམ་དུ་འགྲོ་བཞིན་པ་མཐོང་ཡང་ཡོད་མོད། ཁོས་ཁ་པར་ལས་ང་སྦག་ཟོ་ན་ཡོད་ཅེས་སྐྱག་རྫུན་བཤད་འདུག་པ་ཤེས།
ཆོས་འཚོས་བསམ་བློ་བཏང་གིན་བཏང་གིན་ཤེས་རབ་ཀྱིས་རང་ཉིད་རྒྱན་འཇོག་བྱེད་བྱས་པའི་དོན་དག་དེ་ལ་ཆེས་བཟོད་མི་ཐུབ་པའི་སྣང་བ་ཞིག་ཤར་ནའང་མོས་ཕྱིར་ཁོ་ལ་སྐྱིན་པ་སྐོམ་སོད་ནི་ཞིག་ལེན་ཐབས་བྲལ། ཡིན་ནའང་མོས་དོན་དག་དེ་གཏན་ནས་སྐྱུར་མ་འདོད་པར་ཐབས་ཤེས་སྣ་ཚོགས་ལ་བསམ་བློ་བཏང། ཤེས་རབ་ལ་ཡོ་རོབ་ཏུ་འགྲོ་བའི་ཐོངས་མཆན་རག་འདུག་པ་གོ་བས་མོས་ཐབས་ཤིག་རྙེད་བྱུང། མོས་ཤེས་རབ་ལ་ཞེ་འཁོན་གཏིང་ཟབ་ཏུ་བཟུང་ཡོད་ནའང། ཕྱི་ཚུལ་ནས་མི་མངོན་པས་ཤེས་རབ་དང་མོ་གཉིས་ལའང་ཕན་ཚུན་ལ་འགྲོ་འོང་ད་རུང་ཡོད་པས་མོ་ཤེས་རབ་ཀྱི་ནང་ལ་སོང་ནས་ཁོའི་ཕྱི་བསྐྱོད་ཐོངས་མཆན་སྤ་སེ་བརྐུས་སོང། ཤེས་རབ་ལ་ཉིན་བདུན་གྱི་དུས་ཚོད་ལས་མེད་པས་སྤ་སེ་བོར་བར་སེམས་འཚབ་ཀྱིས་ཅི་བྱས་འདི་བྱས་མེད་པའི་སྐབས་དེར་ཏག་ཏག་ཆོས་འཚོའི་ཁ་པར་འབྱོར་བྱུང། “ངས་འདང་བརྒྱབ་པ་ནོར་མེད་ན་ཁྱོད་ཀྱིས་ཅ་ལག་ཅིག་བོར་ནས་སེམས་མ་བདེ་བར་སྨྱོ་གྲབས་ཡོད་རྒྱུ་རེད་བསམ་གི་”ཞེས་བཤད་པས། “རེད་རེད་ངས་ཕྱི་སྐྱོད་སྤ་སེ་བོར་སོང་ཞིག་ཁྱོད་ཀྱིས་ཅི་ལྟར་ཤེས་པ་ཡིན་”ཞེས་ཡ་མཚར་བའི་ངང་ནས་དྲིས་པར། ཆོས་འཚོས། “ངས་ལོས་ཤེས་ལོ་གཅིག་གི་གོང་གི་ཉིན་ཞིག་ལ་ཁྱོད་ཀྱིས་ང་ནགས་གསེང་ལ་སྐད་བཏང་ནས་ང་རྩེད་སྤྱད་ཀྱིས་ངའི་བརྩེ་བར་ཁྱད་གསོད་དང་སྣང་མེད་ཀྱིས་རྒྱན་བཞག་པའི་རྣམ་པ་དེ་ཁྱོད་ཀྱི་དྲན་སོས་ཀྱི་འདུག་གམ། ངས་ནི་ཁ་སང་དེ་རིང་བཞིན་ཧ་ཅང་གསལ་བོར་དྲན་གི”། “ཁྱོད་ཀྱིས་དེ་གླེང་ནས་ཅི་བྱེད་ཁྱོད་ཀྱིས་ཅི་ཞིག་བྱེད་ན་འདོད་ཀི”། “ངས་དོན་དག་དེ་ལ་ཁྱོད་ཀྱིས་ཁ་གསབ་ཅིག་བྱས་ན་བསམ་གི། དོན་དག་དེའི་ཁ་གསབ་ལ་ཧིན་སྒོར་འབུམ་ལྔ་དགོས། ཁྱོད་ཀྱིས་དོན་དག་དེར་དེ་ལྟར་ཁ་གསབ་བྱས་ཚེ་ཁྱོད་ལ་ཕྱི་སྐྱོད་སྤ་སེ་རག་སོང་བ་མིན་ནམ”། ཞེས་ཁ་པར་བཞག་བྱུང་བས་ཤེས་རབ་ལ་ཅི་བྱས་འདི་བྱས་མེད་པར་རང་བཞིན་གྱིས་འཚུབ་ཆ་ཞིག་ལངས། ཉིན་འདི་ནི་ཆོས་འཚོ་ལ་མཚོན་ན་སེམས་གཏིང་གི་སྙིང་ནད་ཅིག་རྩད་པ་ཡིན་པས་ཧ་ཅང་ཁམས་དྭངས་ནས་བསྡད་ཡོད། ཉིན་བདུན་འགོར་རྗེས་ཡོ་རོབ་ནས་ཁ་པར་ཞིག་འབྱོར་བྱུང། མོས་ཁ་པར་ཁ་ཕྱེ་བ་ན་དེ་བསམ་ཡུལ་འདས་པ་ཞིག་སྟེ་ཤེས་རབ་རེད། ཁོས་ཁ་པར་ལས་”ཁྱོད་རང་ནགས་གསེང་ལ་ཁྲིད་པའི་གྱོང་གུད་ཀྱི་ཁ་གསབ་ནི་སྐྱེ་བ་རྗེས་མ་ཡིན་ད་”ཞེས་ཁ་པར་བཞག་བྱུང་བས་ཆོས་འཚོ་ནི་ཡ་མཚར་དང་ཞེ་སྡང་མཉམ་དུ་སྐྱེས་ནས་གཅིག་བལྟས་དུས་ཉེ་སྔོན་མོས་བརྐུས་ཡོང་བའི་སྦ་སེ་མིག་གི་མཐོང་ས་ན་མེད།
རྗེས་ནས་གོ་བ་ལྟར་ན་ཤེས་རབ་ཀྱིས་ཆོས་འཚོའི་གྲོགས་མོ་བདེ་སྐྱིད་ལ་སྒོར་འབུམ་གཅིག་བྱིན་ནས་མོའི་ནང་ནས་ཕྱིར་བརྐུས་སོང་བ་ཤེས།
ཉིན་ཞིག་ཆོས་འཚོས་འདས་སོང་གི་བྱ་བ་དེ་དང་དེ་འདྲ་མང་བོ་ཞིག་ལ་བསམ་བློ་གཏོང་ཞོར་རྡོ་རྗེའི་སེམས་གཏམ་དག་ཡིད་ལ་ཡང་ཡང་འཁོར། ལན་རེ་འགྱོད་པ་དང་ལན་རེར་མིག་ཆུ་འདོན་ཞོར་ཉིན་གུང་ཡོལ་ཙམ་ལ་ནང་ནས་བསྡད་རྗེས་གཞི་ནས་ཡར་ལངས་ཏེ་ཁ་ལག་བཀྲུས་ཤིང། ཞོགས་ཟས་བཟའ་བར་ཕྱི་རོལ་ལ་བུད་དུས་ཕུར་སྒྲོན་ཕོ་གསར་གཉིས་དང་མཉམ་དུ་ཡོང་བཞིན་པ་དང་ཐུག་པས་ཕུར་སྒྲོན་གྱིས་“ཁྱོད་ལ་ཡག་པོ་ཞིག་ཐུག་བྱུང། ང་ཚོ་མཉམ་དུ་ཉིན་གུང་ཁ་ལག་ཟ་གི་འགྲོ། ཁོ་གཉིས་ངའི་གྲོགས་པོ་རེད། ཁོའི་མིང་ལ་འཕྲིན་ལས་ཟེར་འདོད་འབྱུང་མགྲོན་ཁང་གི་སྦྱིན་བདག་རེད། ཁོའི་མིང་ལ་རབ་བརྟན་ཟེར་ཡོ་རོབ་ནས་ཡོང་བ་རེད། ང་ཚོ་ཁ་ཟ་མ་བཟའ་གི་འགྲོ་གི་ཡོད། འགྲོ་”ཞེས་མོའི་ལག་པ་ནས་བཟུང་སྟེ་རིན་ཆེན་ཟ་ཁང་ལ་ཁྲིད་སོང། ཕུར་སྒྲོན་ནི་མོས་ལྡི་ལི་ནས་ངོ་ཤེས་པའི་གྲོགས་མོ་དང་པོ་དེ་ཡིན། ཁོ་ཚོ་ཟ་ཁང་དུ་སོང་ནས་ཁ་བརྡ་ཡར་བཤད་མར་བཤད་ཉོག་བཤད་དང་ཀུ་རེ་མང་བོ་ཞིག་བཤད་མཐར་ཕན་ཚུན་འདྲེས་པོ་ཆགས་ཤིང། འཕྲིན་ལས་ཀྱིས་ཆོས་འཚོ་ལ་ཀུ་རེ་དང་ངོ་མ་གང་ཡིན་མི་ཤེས་པའི་གབ་ཚིག་འདྲ་བོ་མང་བོ་ཞིག་བཤད་བཞིན་དགོད་ཁ་གང་མང་སློང་བས་མོའི་སེམས་ལ་ཁོའི་སྣང་བརྙན་ཇེ་ཟབ་ནས་ཇེ་ཟབ་ཏུ་གྱུར་བའི་མོད་ལ་ཁོ་མགྲོན་ཁང་ཞིག་གི་སྦྱི་བདག་རེད་ཅེས་པའི་སྐད་ཆ་དེའང་དེ་བས་ཀྱང་སེམས་ལ་འབུར་གཟུགས་སུ་བབ་པས་ཁོ་ལའང་སེམས་ཐག་ཉེ་བའི་སྣང་བ་ཞིག་སྐྱེས།
དེ་ནས་བཟུང་མོ་འཕྲིན་ལས་ལ་ཐུག་ཐེངས་ཇེ་མང་ཡིན་པ་ནི་འཕྲིན་ལས་མོ་ལ་ཐུག་ཐེངས་ཇེ་མང་རེད་ཟེར་ནའང་འགྲིག གང་ལྟར་དེ་ལྟར་བྱས་ནས་ཅང་མ་འགོར་བར་མོ་འཕྲིན་ལས་དང་དགའ་རོགས་ཆགས། འཕྲིན་ལས་ལ་བརྟེན་ནས་མོའི་ལག་ཐོག་གི་སྒོར་མོ་ཇེ་མང་དུ་གྱུར་ཞིང་མཛུབ་མོ་ལ་གསེར་གྱིས་མཛུབ་རྒྱན་ཞིག་དང་སྐེ་ལ་གསེར་གྱི་སྐེ་རྒྱན་ཞིག་བཏགས་ཅིང་གྱོན་པའང་དེང་རབས་དཔེ་གསར་རྐྱང་རྐྱང་གྱོན་པས་མོའི་གནས་སྟངས་ལ་ཡིད་སྨོན་བྱེད་མཁན་ཇེ་མང་དུ་གྱུར། ཡིན་ནའང་ཡར་མར་ལ་རླུང་བཞིན་ཁྱབ་པའི་སྐད་ཆ་ཞིག་ནི་འཕྲིན་ལས་ཀྱི་བུ་དང་ཆུང་མ་ཕ་རན་སི་ན་ཡོད་པ་དང་ཆོས་འཚོ་སྐབས་ཐོག་གི་དུས་ཚོད་འགྲོ་བྱེད་ལྟ་བུ་ཞིག་ལས་མོ་ལ་མཐའ་མཇུག་གི་ལམ་ཁ་ཞིག་ཡོད་པ་མ་རེད་ཅེས་པ་དང་། ད་དུང། འཕྲིན་ལས་ལ་མཚོན་ན་སྒོར་མོ་དེ་ཙམ་གལ་ཆེན་མིན་པས་ཡར་མར་ན་ཉལ་རོགས་བུ་མོ་མང་བོ་ཡོད་པ་རེད་ཅེས་པ་སོགས་རེད། དེ་ནས་མོས་ཡང་བསྐྱར་དགའ་རོགས་ཤིག་འཚོལ་ཐབས་ལ་བསམ་བློ་བཏང། ཉིན་ཞིག་མོས་དྲ་ཐོག་ནས་དགའ་རོགས་ཤིག་བཙལ་བའི་མིང་ལ་ཟླ་བ་ཟེར་ཞིང་སྦེལ་འཇམ་ནས་རེད། ཁོ་གཉིས་དྲ་ཐོག་ནས་ངོ་ཤེས་རྗེས་ཟླ་བ་ཚུར་རྒྱ་གར་ལ་ཡོང་ནས་ཟླ་གསུམ་རིང་འབྲེལ་འདྲིས་བྱས་པའི་རིང་མོས་ཟླ་བ་ལ་རྒྱུས་ཤིག་ལོན་པ་ནི་ཁོས་སྒོར་མོ་དེ་ཙམ་གང་བྱུང་མི་གཏོར་བ་དེ་རེད། མོ་ལ་མཚོན་ན་དེ་ནི་མོའི་འདོད་པ་མི་ཁེངས་ས་དེ་རེད། ཟླ་བ་ཕྱིར་སྦེལ་འཇམ་ལ་སོང་རྗེས་ཀྱང་མོ་ལ་ཁང་གླ་དང་ཟླ་གཅིག་གི་ཟས་རིན་འདང་ཙམ་ལས་མི་སྐུར་ལ་མགྱོགས་པོ་ཕར་འཐེན་ཡང་མ་ཐུབ། མོས་གནས་སྟངས་དེ་མུ་མཐུད་རྒྱུན་སྐྱོང་མ་ཐུབ་པས། “དཔལ་འབྱོར་ཐོན་ཁུངས་”གཞན་ཞིག་མི་བཙལ་རང་བཙལ་ཆགས། ཡིན་ནའང། དེ་ནི་སྔོན་བཞིན་ལས་སླ་བོ་ཞིག་གཏན་ནས་མིན་ཏེ། ད་ལྟ་མོས་ཉེ་འཁོར་ནས་དགའ་རོགས་བཙལ་རྒྱུ་ཧ་ཅང་ཁག རྒྱུ་མཚན་ནི་མི་སུ་ཞིག་མོའི་དགའ་རོགས་བྱེད་རྒྱུ་ནི་ངོ་ཚ་དགོས་པ་དང་འུ་ཐུག་པ་ཞིག་ལ་ངོས་འཛིན་བཞིན་ཡོད་པ་མ་ཟད། ཕོ་གསར་སུ་ཞིག་མོ་དང་ལྷན་དུ་འགྲོ་བ་མཐོང་དུས་ངོ་ཤེས་ཚོས་ཀུ་རེ་དང་ངོ་མ་གང་ཡིན་མི་ཤེས་པའི་སྐད་ཆ་ཞིག་སྟེ། ཝེ“ཉོག་ཆུ”་འཐུང་གི་ཡོད་དམ་སོགས་ཟེར། སྐབས་དེ་དག་ཏུ་མོས་སྐད་ཆ་དེའི་ནང་དོན་མ་གོ་ལ་དོ་སྣང་ཡང་མ་བྱས་མོད། ཁོ་ཚོས་ཟེར་བ་ནི་མོའི་རང་གཤིས་ལ་སྦྱར་བའི་མཚང་མིང་ཞིག་གིས་གབ་ཚིག་ལྟ་བུ་ཞིག་བཤད་ཀྱིན་ཡོད་པ་རྗེས་ནས་ཧ་གོ་སོང། དེའི་རྐྱེན་གྱིས་ཆོས་འཚོ་ཡང་ཉེ་འཁོར་ཞིག་ལ་རེ་བ་རྒྱག་འདོད་ཀྱང་མེད་པར་དྲ་ཐོག་ཉུལ་ནས་ཡོ་རོབ་ནས་དགའ་རོགས་ཤིག་བཙལ། མོས་ཤེས་པ་ནི་མི་དེའི་མིང་ལ་བློ་ལྡན་ཟེར་ཞིང། ཁོ་ལ་སྒོར་མོ་མང་བ་དང་མི་དྲང་མོ་ཞིག་ཡིན་པ། སྔོན་ཆད་ཆུང་མ་ཡོད་ནའང་། དེང་སྐབས་ཁོ་གཉིས་ཁ་ཁར་གྱུར་ཟིན་པས་ད་ལྟ་ཁོ་ལ་ཆུང་མ་ཞིག་མཁོ་བ་དེ་དག་ཡིན་པ་ལས་མི་དེའི་བྱད་བཞིན་དང་ལས་གནས། དགའ་ཕྱོགས་སོགས་གཅིག་ཀྱང་མི་ཤེས། དེ་དག་ནི་མོ་མཚོན་ན་ཧ་ཅང་གི་གལ་ཆེན་ཞིག་ཀྱང་མིན་ཏེ། མོ་རང་ཉིད་ཡོ་རོབ་ལ་ཐར་སོང་ན་དེས་འགྲིག་གི་ཡོད་ལ། མོའི་སེམས་ལ་སྒོར་མོ་མང་ཙམ་ཞིག་བསགས་པ་ཡིན་ན་ང་ལ་མཐོང་ཆུང་བྱེད་ཐུབ་མཁན་སུ་ཞིག་ཡོད་ཀི། སྐབས་དེ་དུས་ང་ཕྱིར་གནས་འདིར་ཡོང་ནས་ངས་ཁོ་ཚོ་ལ་མཐོང་ཆུང་བྱས་ན་ཆོག་གི་རེད། ཡིན་གཅིག་མིན་གཉིས་སྙིང་ནད་འདི་རྩོད་ཐབས་བྱེད་དགོས་སོགས་དྲན་བཞིན་ཡོད་པས་ཕར་ཕྱོགས་ཀྱི་མི་དེ་གང་འདྲ་ཞིག་ཡིན་མིན་གལ་ཆེན་དུ་འཛིན་གི་མེད།
བློ་ལྡན་མོ་ལ་ཐུག་ཏུ་རྒྱ་གར་ལ་ཡོང་ནས་ཁོ་གཉིས་ཟླ་གཅིག་ལྷག་ལ་མཉམ་དུ་བསྡད་པའི་རིང་ལ་བློ་ལྡན་གྱིས་ཡར་མར་ནས་སྐད་ཆ་མང་བོ་ཞིག་གོ་ཞིང་ལྷག་པར་དུ“་ཉོག་ཆུ”་ལ་སོགས་པའི་སྐོར་ཀྱང་གོ་བྱུང། ཡིན་ནའང་ཁོས་དེ་དག་ལ་ཁ་ཡ་མི་བྱེད་པར་མོ་ལ་བྱིས་པ་ཞིག་སྦྲུམ་པར་རེ་བ་རྒྱག་གི་ཡོད། ཁོས་ཆོས་འཚོ་ལ་བཤད་རྒྱུར། “བརྩེ་དུང་ནི་སྐྱིད་སྡུག་གང་ངུ་ལའང་འགྱུར་ཆོག་ཆོག་ཡོད་པས་ཐོག་མར་བརྩེ་དུང་གི་རྨང་ཡག་པོ་ཞིག་བཏིང་དགོས་པ་རེད། བརྩེ་དུང་གི་རྨང་ཡག་པོ་ཞིག་བཏིང་བ་ལ་འབྲེལ་འདྲིས་དང་ཡིད་ཆེས་རྒྱུས་ལོན་། ད་དུང་ངེས་པར་དུ་དགོས་བ་ཞིག་ནི་བྱིས་པ་ཞིག་སྐྱེ་རྒྱུ་དེ་རེད་ཅེས་ཁོག་ལ་དྲན་ཚུལ་ཞིབ་མོར་བཤད་”པས། མོས་ཀྱང་། “རེད། དེ་རེད”། ཅེས་བསམ་བློ་ཙམ་ཡང་མ་བཏང་བར་ཁོ་ལ་བློ་ཁ་ཁེངས་པའི་ལན་ཞིག་བྱིན་པས་བློ་ལྡན་གྱི་སེམས་ལ་ངང་གིས་བརྩེ་འདང་ཞིག་དང་ཡིད་ཆེས་ཤིག་སླེབས་བྱུང། དེ་ནས་ཁོས། “ཁྱོད་ཀྱི་མངལ་དུ་བྱིས་པ་ཞིག་མ་སྦྲུམ་བར་དུ་ང་རྒྱ་གར་ནས་ཁྱོད་དང་མཉམ་དུ་འདུག་གི་ཡིན། བྱིས་པ་མངལ་ལ་སྦྲུམ་རྗེས་འུ་གཉིས་ཀྱིས་གཉེན་སྒྲིག་ཡི་གེ་ལེན། ང་ཕར་སོང་ནས་ཁྱོད་ལ་མགྲོན་ཤོག་གཏོང”། ཞེས་བཤད་དུས་མོའི་སེམས་ལ་ཆེས་ཐོག་མར་ཤར་བ་ནི་བློ་ལྡན་གྱི་ལོ་ཚོད་དེ་རེད། ཁོ་ལ་བལྟས་ཚོད་ཀྱིས་ལོ་སུམ་ཅུ་ཡར་སྟོད་ཅིག་དང་འདྲ་ནའང་དོན་ངོ་མ་ལོ་ལྔ་བཅུ་ང་གཅིག་ཡིན་པས་ངེད་གཉིས་བར་ལ་ལོ་ཉེར་གསུམ་འདུག ངེད་གཉིས་ཕ་བུ་རེད་ཟེར་ན་འོས་པ་ལས་བཟའ་ཚང་རེད་ཟེར་ན་སུ་ཞིག་གི་རྣ་ལ་འགྲོ། མཐོང་ཚད་ཀྱིས་འཕྱ་སྨོད་དང་ཟུར་ཟ་བྱེད་ཁོ་ཐག་ཡིན། ལྷག་ཏུ་ཉེ་འཁོར་གྱི་མཐོང་འདོད་མེད་པའི་མི་འདི་དག་གིས་ཀྱང་ང་མི་གྲལ་མ་དགོས་ཁྱི་གྲལ་ལའང་འཇོག་གི་མ་རེད། ཡིན་ནའང་ཐབས་ཅིག་འཐེན་ཏེ་གནད་འགག་ཅིག་སེལ་ཐུབ་བྱེད་དགོས་སྙམ་ནས། མོས་བློ་ལྡན་ལ་“བྱིས་པ་མ་སྐྱེས་བར་དུ་ངས་སྐྱིད་པོ་རྐྱང་རྐྱང་བྱེད་གི་ཡིན། བྱིས་པ་སྐྱེས་རྗེས་འཁོར་བའི་ནང་ལ་ལྷུང་ཚར་བ་རེད། དེ་དུས་འུ་གཉིས་ཀྱིས་བྱིས་པ་དང་ཁྱིམ་ཚང་གི་དོན་དག་ཚང་མ་ལ་བསམ་བློ་གཏོང་དགོས་པས་འུ་གཉིས་ཀྱི་སུ་ཡིན་ཡང་སྐྱིད་པོ་གཏོང་དཀའ་ནི་རེད”། ཅེས་བཤད་པས། བློ་ལྡན་ལ་མཚོན་ན་བྱིས་པ་གཙོ་བོ་ཡིན་པ་ལས་དཔལ་འབྱོར་གཙོ་བོ་མིན་པས། “རེད་རེད། ང་ཁྱོད་ཀྱི་བསམ་ཚུལ་ལ་འཐད་པ་ཡིན། ཁྱོད་ཀྱིས་ཅི་ཞིག་བྱེད་འདོད་ན་ངས་དེ་ལ་བཀག་འགོག་མི་བྱེད་པ་མ་ཟད། རང་གིས་ནུས་ཚོད་ཀྱིས་རྒྱབ་སྐྱོར་བྱེད་ངེས་ཡིན་”ཞེས་བཤད་པས་ཆོས་འཚོ་ལའང་སེམས་འགུལ་ཞིག་ཐེབས་བཞིན། “ཡ་ཡ་ཡག་པོ་ཞིག་བྱུང་སོང། ཁྱོད་ལ་བཀའ་དྲིན་ཆེ་”ཞེས་ལན་བྱིན་པས། “འུ་གཉིས་བར་ལ་སྐད་ཆ་དེ་འདྲ་ལབ་ན་རན་པོ་མི་འདུག རྗེས་མ་ནས་དོན་དག་གང་ལའང་འཛེམ་དོགས་མ་བྱེད་ང་ལ་ཅི་ཞིག་ཡོད་ན་ཁྱོད་ལའང་དེ་ཡོད་པ་རེད། འུ་གཉིས་ཀྱི་སྐྱིད་སྡུག་གཅིག་ཏུ་གྱུར་ཚར་བ་རེད”་ཟེར་བཞིན་མོའི་མགོ་བོ་ཚུར་རང་གི་བྲང་ལ་སྦྱར།
ཉིན་དེ་ནས་བཟུང་ཆོས་འཚོས་རང་ལ་ངན་བཤད་བྱེད་མྱོང་བའི་མི་དེ་དག་གི་མཐོང་སར་ཟས་གོང་ཆེན་རྐྱང་རྐྱང་ཟོས་ཤིང་གོས་དཔེ་གསར་རྐྱང་རྐྱང་གོན་ནས་ཡིན་མདོག་ཅི་འདྲ་བྱས་ཀྱང་ཁོ་ཚོས་ངན་བཤད་དང་གླེང་སློང་ནི་ཇེ་ཐུ་ནས་ཇེ་ཐུ་མ་གཏོགས་མོས་ཁོ་ཚོ་ཟིལ་གྱིས་གནོན་འདོད་ཀྱི་འདོད་པ་དེ་རྩ་བ་ནས་མ་འགྲུབ། དེ་ནས་མོས་སེམས་ལ་གློ་བུར་དུ་ཚེ་རིང་སྐྱིད་འཁོར་བྱུང། ཚེ་རིང་སྐྱིད་ནི་ཕྱུག་པོ་ཞིག་མིན་ལ་མཛེས་མ་ཞིག་ཀྱང་མིན། ཡོན་ཏན་པ་ཞིག་ཀྱང་དེ་བས་མིན་མོད་མོ་ལ་ཕོ་གསར་མང་བོས་སྔ་གཞུག་བརྩད་ནས་བརྩེ་དུང་གི་རེ་བ་རྒྱག་མཁན་འདི་འདྲ་མང་དོན་ཅི་ཡིན་ནམ། རེ་བ་དེ་དག་ཀྱང་སྐབས་ཐོག་གི་རེ་བ་མིན་པར་སེམས་གཏིང་གི་རེ་བའམ་ཚེ་གཅིག་གི་ཆུང་མར་རེ་བ་རྒྱག་མཁན་རྐྱང་རྐྱང་ཡིན་པ་འདི་ཅི་ཡིན་ནམ་བསམ་བྱུང། མོས་ཚེ་རིང་སྐྱིད་ཀྱི་སྟེང་ནས་ཐུན་མོང་མ་ཡིན་པ་འདིའོ་ཞེས་མཛུབ་མོ་འཛུག་ས་ཞིག་མ་རྙེད་པས་ཡ་མཚར་ངང་ལུས་སྐབས་ཚེ་རིང་སྐྱིད་ཀྱི་གཤིས་ཀ་ཡིད་ལ་འཁོར་བྱུང། ཚེ་རིང་སྐྱིད་ནི་ནམ་རྒྱུན་གྲོགས་དང་གྲོགས་མོ་སུ་ལ་ཐུག་ནའང་ཁ་གྲགས་རྒྱུར་དགའ་ཞིང། སུ་ཞིག་ལ་རོགས་པ་བྱེད་རྒྱུ་ཡོད་ན་མོས་གང་ནུས་ཅི་ལྕོག་གིས་རོགས་བྱེད་མཁན་ཞིག་ཡིན་པ་སོགས་ཡིད་ལ་ཤར། མོས་ཀྱང་རང་གཤིས་ལ་འགྱུར་བ་བཏང་ནས་རང་གི་ནུས་པ་ལ་བརྟེན་ནས་འཚོ་ཐབས་ལ་འབད་བཞིན་མི་སུ་ལའང་གུས་ཞབས་དང་རོགས་པ་བྱེད་པ། ནམ་རྒྱུན་འཛུམ་རིས་རིས་ཀྱིས་མི་ལ་ཁ་བརྡ་བྱེད་པ་སོགས་བྱས་པས་ཟླ་ལྔ་དྲུག་ཅིག་ནས་མོ་སྤྱོད་པ་དེ་དག་ལ་གོམས་ནས་སྔོན་ཆད་ཀྱི་ཞབས་ཡངས་མ་དེ་རེད་ཟེར་ན་སུ་ཡང་ཡིད་མི་ཆེས་པའི་ཚད་ལ་སླེབས་ཤིང་མོ་ལ་གྲོགས་དང་གྲོགས་མོ་ཇེ་མང་ལ་སོང་བ་དང་བསྟུན་ནས་རང་ལ་ངང་གིས་བདེ་སྐྱིད་ཀྱི་ཚོར་བ་ཞིག་ཀྱང་སླེབས་ཤིང་སྔོན་ཆད་འཁོན་སེམས་འཛིན་མྱོང་བའི་མི་དེ་དག་ཀྱང་ད་ལྟ་འདྲེས་ཤིང་འཆམ་པོར་གྱུར་འདུག ཡིན་ནའང་མོས་ད་དུང་གྲོགས་དང་གྲོགས་མོ་སུ་ཞིག་དང་ལྷན་དུ་ཁ་བརྡ་བྱེད་སྐབས་དང་ཟ་མ་བཟའ་སྐབས་སོགས་སུ་སུ་ཞིག་ལ་ཁ་པར་གཏོང་བ་དང་སུ་ཞིག་གི་ཁ་པར་ལེན་པ་སོགས་ནི་ད་དུང་སྔོན་ཆད་དང་གཅིག་མཚུངས་སུ་ཡོད་པ་ལས་གྲོགས་ཕོ་མོ་སུ་ཞིག་ལ་ཕོག་ཐུག་དང་མ་བདེ་བ་ཡོང་སྲིད་པའི་སྐོར་ལ་བསམ་བློ་ཙམ་ཡང་མི་གཏོང་བ་ནི་མོ་ལ་གོམས་ཚར་བའི་གོམས་གཤིས་ཤིག་ཡིན་པ་འདྲ། གཅིག་བྱས་ན་མོས་ཁ་པར་དེ་དག་གི་ཁྲོད་ནས་སྟེས་དབང་གི་“དཔལ་འབྱོར་ཐོན་ཁུངས་”རེ་རག་པའམ་ཡང་ན་དྲོད་ཁོལ་ལྡན་པའི་བརྩེ་དུང་གསར་བ་རེ་རག་པར་རེ་བ་བྱེད་བཞིན་ཡོད་ནའང་ཐང། མོ་ལ་མཚོན་ན་ཁ་པར་གཏོང་རྒྱུ་དང་ལེན་རྒྱུ་ནི་མོ་ལ་མཚོན་ན་སྐྱིད་སྣང་ལྡན་པའི་དོན་ཞིག་ཀྱང་ཡིན་པ་འདྲ།
བློ་ལྡན་གྱིས་རང་ནུས་གང་ཐུབ་ཀྱིས་མོ་དང་ལུས་འབྲེལ་བྱས་ནའང་བྱིས་པ་ཞིག་མོའི་མངལ་དུ་མ་སྦྲུམ་པས་མཐར་རང་ཉིད་ལ་ཁོ་ཆད་དེ་ཟླ་གསུམ་གྱི་སྔོན་ནས་ཕྱིར་ཡོ་རོབ་ལ་བུད་སོང། ད་ལྟ་མོ་བློ་ལྡན་དང་འབྲེལ་བ་ཡོད་མེད་མི་ཤེས་མོད། མོས་ཁ་པར་ལས་བློ་ལྡན་ལ་ཁྱོད་ཀྱིས་མ་དངུལ་བཏང་ནས་ངའི་འཚོ་བ་འདིའི་གཞི་ཚུགས་པ་ཡིན་པས་ངས་བཀའ་དྲིན་དེ་བརྗེད་སྲིད་གི་མ་རེད་ཅེས་ཟེར་བས། ད་ལྟ་ཁོ་གཉིས་ལ་བརྩེ་དུང་གི་འབྲེལ་བ་མེད་པ་འདྲ།
རྡོ་རྗེས་མོ་ལ་བཅངས་པའི་བརྩེ་དུང་ལོ་དྲུག་གི་རིང་ལ་དྲན་གདུང་དང་མནར་གཅོད་འོག་ཏུ་ཁེར་རྐྱང་གིས་འཚོ་ཞིང་རེ་སྨོན་ལ་རེ་སྒུག་བྱེད་བཞིན་པའི་གནས་ཚུལ་མོས་ཡང་ཡང་གོ་ཞིང། ཡང་ཡང་དྲན་དུས་རང་ཉིད་ཀྱིས་བརྩེ་དུང་ངོ་མ་ཞིག་མ་རྙེད་པར་དགོས་དབང་གི་བརྩེ་དུང་འདྲ་མིན་ལ་མགོ་འཁོར་བ་དགོས་དབང་རེ་དང་གླེན་རྟགས་རེ། ཡང་ན་འཁྲུལ་ཤེས་ལྟ་བུ་རེ་ཡིན་པའི་སྣང་བ་ཤར་ཞིང་བརྩེ་དུང་ངོ་མ་ཞིག་གི་དྲོད་ཁོལ་དང་བདེ་སྐྱིད་ནི་ཅི་འདྲའི་སྐྱིད་ཨང་བསམ་དུས་རྡོ་རྗེ་སླར་ཡང་ཡིད་ལ་ཡང་ཡང་འཁོར་བས་རྡོ་རྗེ་ལ་ཁ་པར་བཏང། ཏིར་ཏིར་ཏིར་རྡོ་རྗེས་ཁ་པར་ལ་ཉན། “ཁམས་བཟང་སུ་ཡིན་ནམ”། ཞེས་དྲིས་པས་“ང་ཆོས་འཚོ་ཡིན་ཁྱོད་བདེ་མོ་ཡིན་ནམ་དེང་སྐབས་ཅི་ཞིག་བྱེད་ཀྱིན་ཡོད”། “ང་བདེ་མོ་ཡིན་དེང་སྐབས་བྲེལ་བ་ཚ་ཚ་ཞིག་གི་ནང་ལྷུང་བསྡད་ཡོད། ཁྱོད་ཀྱིས་དེ་རིང་ང་ལ་ཁ་པར་ཞིག་གཏོང་རྒྱུ་གང་ནས་དྲན་སོང་ཉི་མ་ནུབ་ནས་ཤར་བ་མིན་ནམ་”ཞེས་ཀུ་རེ་བྱས་པས། མོས། “ཁྱོད་ཀྱིས་ཀྱང་ཁ་པར་གཅིག་ཀྱང་ཡོང་རྒྱུ་མི་འདུག་ག ང་བརྗེད་སོང་བ་མིན་ནམ”། “ཁྱོད་མ་བརྗེད་ཀྱང་ཕན་པ་མེད་མོད། ཁྱོད་བརྗེད་སྲིད་ནི་མ་རེད ད་ལྟ་འཁོར་བའི་ནང་ལྷུང་སོང་བས་ཁོམ་པ་ཞིག་མེད་ཀི ཡིན་ནའང་ཁྱོད་ད་དུང་སེམས་གཏིང་ན་ཡོད།” ཞེས་བཤད་པས། ཡུད་ཙམ་ལ་ཁ་པར་ལས་ལན་གང་ཡང་ཡོང་རྒྱུ་མེད་མོད། དེ་ནས་ངུ་སྐད་ཤུགས་ཆེར་འདྲིས་པའི་གདངས་ཀྱིས་“ངོ་མ་ཡིན་ནམ། ཁྱོད་ཀྱིས་ཆང་ས་ག་དུས་བརྒྱབ་པ་ཡིན། ཆང་སའི་སྤྲོ་ཚོགས་ལ་ང་ཅིའི་ཕྱིར་སྐད་མ་བཏང་བ་ཡིན། “ང་ཁྱོད་ལ་སྐད་གཏོང་བའི་སྤོབས་པ་གང་ན་ཡོད། མི་ལོ་མང་བོའི་གོང་ནས་ཁྱོད་ལ་སྐད་མ་བཏང་གི་བསམ་པ་མེད། ཡིན་ནའང་ངས་ཁྱོད་ལ་སྐད་བཏང་ཐེངས་རེ་དང་ངས་ཁྱོད་ལ་རེ་བའམ་སྙིང་གཏམ་བཤད་ཐེངས་རེར་ང་ལ་ཐོབ་པ་ནི་ཕམ་ཉེས་དང་སྡུག་བསྔལ་རྐྱང་རྐྱང་ཡིན་པས་ང་ཨུ་ཐུག་ནས་ལམ་འདི་འདྲ་ཞིག་མི་བཙལ་ཐབས་མེད་བྱུང་སོང། དེའི་རྐེྱན་གྱིས་ངའི་ཨུ་ཐུག་པའི་གཉེན་སྟོན་སྤྲོ་ཚོགས་འདི་ལ་ཁྱོད་ཡོང་རྒྱུ་མ་རེད་བསམ་ནས་ངས་ཁྱོད་ལ་སྐད་མ་བཏང་བ་ཡིན”། སྐབས་དེར་མོའི་ཉན་བཞིན་པའི་ཁ་པར་ལས་བུ་མོ་ཞིག་གིས “་ཡང་ཁྱོད་ཀྱིས་སུ་ཞིག་ལ་ཁ་པར་གཏོང་གི་ཡོད” ཅེས་པའི་སྐད་ཅིག་གོ་བས་ཡོད་ཚད་ཤོར་ཚར་བའི་སྣང་བ་ཞིག་སྐྱེས་ཤིང་ཁ་པར་ཡང་མར་བཞག་བྱུང། དེ་ནས་རྡོ་རྗེས་ཁ་པར་ཇི་ལྟར་བཏང་ཡང་ལེན་མཁན་མ་བྱུང།
རྗེས་ནས་གོ་བ་ལྟར་ན་མོས་བློ་ལྡན་ལ་ང་ཁྱོད་ལ་དགའ་རབས་དང་དུང་རབས་བཤད་ནས་སླར་ཡང་འབྲེལ་བ་བཟུང་འདུག་ཟེར། གླེང་ཚུལ་ལྟར་ན་མོས་རང་གི་འདོད་པ་དེ་ཤོར་ཚར་བས་སྔོན་ཆད་ཀྱི་ངེས་གཏན་མེད་པའི་བརྩེ་དུང་གི་འཚོ་བ་དེ་སླར་ཡང་རོལ་འགོ་བརྩམས་པ་རེད་ཟེར། གཅིག་བྱས་དེ་ནི་མོ་གོམས་ལོབ་ཏུསོང་བའི་དགའ་ཕྱོགས་ཤིག་ཀྱང་ཡིན་སྲིད་ཀི་རེད།
Leave a Reply