ལྷགས་པ་གྲང་བསིལ་བསིལ། སེམས་པ་སྐྱོ་ལྷང་ལྷང་།

རྔ་བ་ཤེས་རབ།

ཁོ་ བོ་ཁུ་བྱུག་གི་སྨྲེང་གླུ་དང་བསྡོངས་ནས་ཡོང་། ཁོ་མོ་ཡང་སྐྱི་བསེར་གྱི་གདུང་གཏམ་བསྡུ་ཞོར་ལ་ཡོང་། མཚོ་འགྲམ་གྱི་ལྗོན་པའི་འོག་ཏུ་ག་ལེ་ག་ལེར་ཕྲད། ཁོ་མོ་ཇི་བཞིན། ཁོ་བོས་ཀྱང་གདོང་བ་སྨད་ནས་རེ་ཞིག་ཅི་ཡང་སྨྲ་མི་ཤེས། ལྗོན་རྩེའི་བྱེའུ་ཆུང་རྣམས་ཀྱིས་ཁོང་གཉིས་ཀྱི་འདས་དོན་གླེང་བཞིན་ཁྲེལ་དགོད་ བྱེད། ཉི་མ་ནུབ་རིར་ཉེ་ཞིང་མཚོ་འགྲམ་གྱི་གྲིབ་གཟིགས་གཉིས་རིང་དུ་བརྐྱངས་རྐྱེན། ཁོ་བོའི་ཡི་མུག་འབར་ཏེ་ངག་སྒོ་ཕྱེ།

བུ་མོ་ལགས། ཁྱོད་ཀྱིས་སེམས་ནང་ལ་གསང་བ་གང་ཡང་སྦ་མི་རུང་། ངས་ཡོད་ཚད་ཁྱོད་ལ་བསྟུན་ཆོག འདར་སིག་སིག་གི་སྐད་ཆ་དེས་ཁོ་མོའི་རེ་བའི་མིག་འོད་གྱེན་དུ་བཏགས་ཏེ། ངའི་ཐོག་མའི་དམ་བཅའ་དེ་འགྱུར་མེད་རྡོ་རྗེའི་བྲག་རི་ཡིན། དྲི་བསུང་འཐུལ་བའི་ཚིག་འབྲུ་དེ་དག་ཐོས་པའི་ལྗོན་རྩེའི་བྱེའུ་ཆུང་རྣམས་འུར་ དིར་རེ་དགོད། ཁོ་མོའི་སྙིང་དུ་སྡུག་པའི་མགོ་བོ་བྱང་རླུང་གིས་ཁྱེར་ཏེ་ཁོ་བོའི་བྲང་ངོས་སུ་ ལྷུང་། ཁོ་བོའི་སེམས་གཏིང་ནས་བཞུར་བའི་མིག་ཆུའི་ཐིགས་པ་ཁོ་མོའི་མཁུར་ངོས་སུ་བབས། ད་དུང་སེམས་པ་གཉིས་གྲང་ཤུར་རེ། གཟུགས་ཕུང་གཉིས་དམ་དུ་འབྱར།

 

བུ་ མོ་ལགས། འདི་ནི་འུ་གཉིས་ཀྱི་ཆེས་མཐའ་མཇུག་གི་མཇལ་མཛོམས་ཡིན། ཁྱོད་ལ་རང་དབང་མེད་རྐྱེན། ངས་ཁྱེད་ལ་འཁང་ར་དང་ལེ་བདའ་བྱེད་མི་འོས། ད་དུང་། ངས་ཁྱེད་ཀྱི་གཉེན་སྟོན་ལ་བཀྲ་ཤིས་བདེ་ལེགས་ཞུ་འདུན་ཡོད། ཡིད་ཆད་པའི་ཁོ་བོའི་སྐད་གདངས་ཇེ་དམའ་ནས་ཇེ་དམའ་རུ་སོང་། བྱེའུ་ཚོགས་ཀྱི་ཁྲེལ་དགོད་ཀྱང་ཇེ་འཇམ་ནས་ཇེ་འཇམ་དུ་སོང་། སྤྲིན་དཀར་གྱི་ཞགས་པས་ཁོ་མོའི་གདོང་བ་གྱེན་དུ་བསུས་ཏེ། དངོས་གནས་ཁྱོད་ལ་རེ་བ་གཏོད་ཕྱོགས་རེ་མེད་དམ། དྲི་ཚིག་དེ་བྱེའུ་ཚོགས་ཀྱིས་ཡང་དང་བསྐྱར་དུ་ཀློག ང་ལ་རེ་བ་མི་འདུག ཁྱེད་རང་ཕ་མ་ལ་བསྟུན་དགོས་ཤིང་། ཕ་མ་གཉིས་འབྱོར་བ་ལ་དུང་། དྲིས་ལན་དེས་བྱེའུ་ཚོགས་ཀྱང་དལ་ཅག་སེ་བཏང་། ཁོར་ཡུག་དེ་ཁུ་སིམ་མེར་བཞག

 

དམ་ དུ་འཁྱུད་པའི་གྲིབ་གཟུགས་གཉིས་ནུབ་ནས་ཤར་དུ་འཕྱུར་བའི་མཚོ་རླབས་ལས་མཆེད། བུ་མོ་ལགས། འུ་གཉིས་ཀྱི་འདས་དོན་ཐམས་ཅད་རྨི་ལམ་ནང་གི་ཞིང་ཁམས་རེད། ཁོ་བོའི་ཡིད་ཕམ་པའི་ཚིག་འབྲུ་དེ་དག་མིག་ཆུ་དང་འདྲེས་ནས་ཟགས། ཐུར་དུ་ཟགས། འོ་ན་དེ་ལྟར་བྱ། དེ་ལྟར་བྱ། ཤིན་ཏུ་གཉོམ་པའི་ཚིག་འབྲུ་ཐར་ཐོར་དེ་བསིལ་རླུང་གིས་བརྐུས་ནས་རྩ་གསེང་དུ་ ཤུར་ཤུར་བྲོས། མཚོ་མགྲམ་གྱི་གྲིབ་གཟུགས་གཉིས་ག་ལེ་ག་ལེར་གྱེས། རིང་དུ་གྱེས། ལྗོན་རྩེའི་བྱེའི་ཆུང་རྣམས་ཁུ་སིམ་མེར་ལྟ།

 

ཁོ་ བོས་ཁུ་བྱུག་གི་སྨྲེང་གླུ་ཐོས་རྐྱེན་ཕྱི་མིག་འཕངས། ཁོ་མོས་ཀྱང་སྐྱི་བསེར་གྱི་གདུང་གཏམ་ལ་ཉན་རྗེས་ཕྱི་མིག་འཕངས། ཕྱི་མིག་དང་ཕྱི་མིག་ཕྲད་པ་ལས་རྡོག་སྣེ་གཉིས་ཕྱི་རུ་བཀུག མྱུར་དུ་བཀུག རླུང་ཤུགས་ཀྱིས་དེད་པའི་གྲིབ་གཟུགས་གཉིས་སླར་ཡང་འཁྱུད། དམ་དུ་འཁྱུད། ལྗོན་རྩེའི་བྱེའུ་ཆུང་རྣམས་ཕར་ལྡིང་ཚུར་ལྡིང་བྱེད་ཅིང་འུར་དུར་རེ་དགོད། བུ་མོ་ལགས། ད་ནི་སེམས་ཐག་ཆོད་པར་གྱིས་ལ། འུ་གཉིས་ཀྱི་མ་འོངས་པ་བློས་ཐོངས་ཤིག ཁྱེད་རང་ཕ་མའི་བཀའ་བརྩི་དགོས་པས། མྱུར་དུ་ཕྱིན་ན་ལེགས། ཕ་བོང་ལས་མཁྲེགས་པའི་སྐད་ཆ་དེ་ཁོ་མོའི་སྙིང་ག་རུ་ལྗིད་ཏིག་ཏིག་ལྷུང་།

 

ང་སོང་ཆོག ངའི་རྗེས་སུ། མ་ཎི་ཡིག་དྲུག་གི་སྐྱེལ་རྫོངས་ཡིད་ལ་ཟུངས། རྣོ་ངར་དང་ལྡན་པའི་སྐད་ཆ་དེ་ཁོ་བོའི་སྙིང་གསེང་ལ་ཚ་ལམ་ལམ་བཞུར། ལྗོན་ རྩེའི་བྱེའུ་ཆུང་རྣམས་སླར་ཡང་ཁུ་སིམ་མེར་ཉན། མཚོ་འགྲམ་གྱི་གྲིབ་གཟུགས་གཉིས་སླར་ཡང་གྱེས། རིང་དུ་གྱེས། ཁོ་མོའི་གོམ་ཁ་རེ་རེ་ནི་དྲག་མཆོང་བྱེད་པའི་མཚོ་རླབས་ཀྱིས་འཐེན། ཤུགས་ཀྱིས་འཐེན། ནམ་མཁའི་ལྷ་མོས་བྱེད་སྟངས་དེར་མ་རངས་པར་ཁྲོས་ནས་གློག་དམར་འཁྱུག འབྲུག་སྒྲ་སྒྲོག གློ་བུར་གློ་བུར།

 

བུ་ མོ་ལགས། ཁོ་བོའི་ཉམ་ང་བའི་འབོད་སྒྲ་དེ་རླུང་བུ་དང་བྲག་ཆས་ཡང་དང་བསྐྱར་དུ་ཟློས། གློག་ཞགས་ལས་མྱུར་བའི་ཁོ་བོའི་གོམ་ཁ་ཡང་སྐད་ཅིག་སྐད་ཅིག་ལ་ཁོ་མོའི་མདུན་ལ་ འཕུར། ཉི་མ་འདིར་ཐོས་པ་ནི། ངུ་སྐད་ཤབ་ཤུབ་དང་། མཐོང་བ་ནི། མིག་ཆུ་ཐར་ཐོར། བུ་མོ་ལགས། ཁྱེད་རང་ལ་ངའི་ཆེད་དུ་སྙིང་སྟོབས་འདི་འདྲ་ཞིག་ཡོད་པ་མ་ཤེས། ད་ནི་འུ་གཉིས་ཀྱི་རང་དབང་སྲུང་བ་དང་། ཕ་མའི་བཙན་དབང་བཟློག་ཆེད། རེ་ཞིག་གནས་གཞན་དུ་གཡོལ་ན་བཟང་། སྦྲང་ རྩི་ལས་མངར་བའི་དུང་གཏམ་དེས་ཁོ་མོའི་གདོང་ལ་མིག་ཆུའི་མེ་ཏོག་བཞད། ལྗོན་རྩེའི་བྱེའུ་ཆུང་རྣམས་སླར་ཡང་འུར་དིར་རེ་དགོད། སྤྲིན་པ་དངས། སྐར་འོད་ཤར། དབང་ཕྱོགས་ལྷུན་པོའི་རྩེ་ནས་ཉ་གང་ཟླ་གཞོན་དགྱེས་འཛུམ་གྲོལ་ཞིང་། ཁོ་དང་ཁོ་མོའི་མཚན་ལྗོངས་ཀྱི་གསང་ལམ་སྟོན་ཕྱིར་མཐོ་ནས་མཐོ་རུ་འཕགས།

Leave a Reply